གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་པ་གསར་པའི་ནང་སྔ་ཙམ་སྤོ་ཐུབ་པ་བྱེད་ཀྱི་ཡིན།
—— མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་གནོད་འཚེའི་གེགས་རྗེས་བསྐྱར་སྐྲུན་གྱི་འཕེལ་རིམ་སྐོར་གླེང་བ།
ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པའི་ཉིན་དེར་སྤྱི་ལེ་སྟོང་ལྷག་ཙམ་གྱིས་ཆོད་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་གནོད་འཚེ་ཕོག་པའི་སློབ་གྲྭ་ཡང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་གཞན་དང་འདྲ་བར་དུས་བཀག་ལྟར་སློབ་འགོ་ཚུགས། ཉིན་གཉིས་གོང་ས་གནས་དེ་གར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་དངོས་སུ་ལག་ལེན་བསྟར་འགོ་བརྩམས་ཡོད།
“ང་ཚོས་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་སོཌ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། ཟླ་བ་བཅུ་པའི་ཟླ་མཇུག་གོང་དུ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་པ་གསར་པའི་ནང་སྤོ་ཐུབ་པ་བྱེད་ཀྱི་ཡིན”
ཚེས་6ཉིན་གྱི་སྔ་དྲོར། བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཧྥང་ཧུང་གིས་ཚོགས་རའི་ནང་གི་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པར་གེགས་ཁུལ་གྱི་ས་ཡོམ་གནས་ཚུལ་གསར་ཤོས་ངོ་སྤྲོད་གནང་བ་རེད།
ཟླ་1ཚེས་7ཉིན། ས་བབ་མཐོ་ཚད་ལ་སྨི་4000ལྷག་ཙམ་ཟིན་པའི་དིང་རི་རྫོང་ལ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་བྱུང་བ་མ་ཟད། ཁང་པ་མང་པོ་བརྡིབས་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་དེར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས“ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས”ཞེས་དང་། “མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་གང་ལེགས་བྱས་ནས་ཁོང་ཚོ་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི”ནན་བཤད་གནང་། ཉིན་གཉིས་ཀྱི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ཀྱི་དིང་རིའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
འཛམ་གླིང་ཡང་རྩེར་ཕྱོགས་ཁག་གི་སྟོབས་ཤུགས་གང་མགྱོགས་གཅིག་ཏུ་བསྒྲིལ་ནས་འཕྲལ་དུ་དུས་ཚོད་བརྩོན་ལེན་གྱིས་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོ་རྒྱག་འགོ་བརྩམས།
ས་ཡོམ་བརྒྱབ་རྗེས་ཀྱི་སྐར་མ་10ཙམ་ལ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྟོབས་ཤུགས་ལམ་སེང་རྡོག་ཐོན་བྱས་པ་དང་། ས་ཡོམ་བརྒྱབ་རྗེས་ཀྱི་སྐར་མ་30ལ། གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་ས་ཁུལ་ལ་རོགས་སྐྱོབ་ཀྱི་ལས་དོན་སྤེལ་འགོ་ཚུགས། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་9ཙམ་ལ། ས་ཡོམ་རྐྱེན་གྱིས་གཏོར་སྐྱོན་ཕོག་པའི་ལམ་དུམ་ཧྲིལ་པོ་ཤར་བགྲོད་ཡོང་བར་བྱས་ལ་སྒུལ་འཕྲིན་བརྡ་རྟགས་ཀྱང་རྒྱུན་གཏན་བཞིན་སླར་གསོ་བྱུང་། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་13ཙམ་ལ། དིང་རི་རྫོང་གྲོང་དང་དེའི་ཤང་དང་གྲོང་རྡལ་7ལ་གློག་གཏོང་སླར་གསོ་བྱུང་བ་མ་ཟད། དགོང་མོ་དེ་རང་ལ་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཚ་པོ་བཟའ་རྒྱུ་དང་གུར་ནང་སྡོད་རྒྱུ་བྱུང་ཡོད།
“སྔོན་མ་ཡིན་ཚེ་བསམ་པའི་ཡུལ་དུ་འཁོར་དཀའ་བ་ཞིག་རེད་ལ། བསྒྲུབས་དཀའ་བ་ཞིག་ཀྱང་རེད”ཅེས་ཉེ་དུས་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཕྱིར་དྲན་བྱེད་བཞིན་པའི་ཝང་ཧྥང་ཧུང་གིས་མྱོང་ཚོར་ཟབ་མོས་གསུངས་པ་དང་། ཁོང་གིས“དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་གང་ལེགས་མངོན་ཡོད”ཅེས་གསུངས།
འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཡག་པོ་བསྒྲུབས་ཏེ། གཙོ་གནད་ས་ཁུལ་གྱི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།
ཝང་ཧྥང་ཧུང་གིས་དུས་འགོའི་གནོད་འཚེའི་གྱོང་གུན་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་། ཚན་རིག་དང་མཐུན་པའི་ངང་བསྐྱར་སྐྲུན་ཇུས་གཞི་བཟོ་བའི་རྨང་གཞིའི་ཐོག་མིག་སྔར་འཆར་འགོད་ཇུས་འགོད་སོགས་ཀྱི་དུས་འགོའི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་མ་ཟད། གྲོང་ཚོ་བརྒྱད་པོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་ཀྱང་ཟླ་3ཚེས་3ཉིན་དངོས་སུ་བསྐྲུན་འགོ་ཚུགས་ཡོད་ཅེས་གསུངས།
ཞིག་རོའི་ཁྲོད་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་བཞིན་ཡོད།
བོད་ཀྱི་ལོ་གསར་རིང་། ཇོ་མོ་གླང་མའི་འདབས་ཀྱི་ས་ཡོམ་གེགས་ཁུལ་དུ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྤྱིར་ན་རྒྱུན་གཏན་བཞིན་སླར་གསོ་ཐུབ་ནས་དཔྱིད་རྨོད་དཔྱིད་གྲབས་ལས་དོན་གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱེད་པ་དང་། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་སླར་ཡང་སྒོ་འབྱེད་པ་སོགས་དགུན་ཁ་ཕར་ལ་བསྐྱལ་ནས་དཔྱིད་ཀ་ཚུར་ལ་བསུ་བའི་སྐབས། ས་མཐོའི་གང་སར་རེ་བ་དང་ཕུགས་འདུན་གསར་པའི་སྐྱེ་སྟོབས་ཤིག་མངོན་བཞིན་ཡོད།