བོད་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཚོགས་ཆེན་ལ་སྤུས་ཚད་མཐོ་བའི་གྲོས་འགོ་ཁག་31ཕུལ་བ།
རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོར་བརྟེན་ནས་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”དང“མི་དམངས་ཀྱི་རེ་སྒུག”ལ་དམིགས་ནས་སྐད་ཆ་དྲང་པོ་ཤོད་པ་དང་། བྱ་ཐབས་བཟང་པོ་འདོན་པ། ཐབས་ཇུས་གནད་འཁེལ་འདོན་པ་བཅས་བྱས་ཤིང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་འགོ་འདོན་མཚམས་འཇོག་པའི་བར་ཨུ་ཡོན་ཚོས་ཚོགས་ཆེན་ལ་ཁྱོན་གྲོས་འགོ་ཁག་31ཕུལ་ཡོད་པ་རེད།
ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས།
ད་ལོའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཞིང་འགན་འཁྲི་ལྕི་པོ་ཡོད། ཨུ་ཡོན་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་སྲིད་གྲོས་ཀྱི་ངོ་བོ་གཏན་འཁེལ་དང་། རང་ངོས་ཀྱི་ལས་ཀའི་ཁྱབ་ཁོངས། ཆེད་ལས་ཀྱི་འཇོན་ཐང་བཅས་ཀྱི་གྲོས་འགོ་འདོན་པར་མཐོང་ཆེན་བྱས་པས། སྤུས་ཚད་མཐོ་བའི་གྲོས་འགོ་ཁག་གཅིག་གྲུབ་ཡོད། གྲོས་འགོའི་ནང་དོན་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དམིགས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པར་དམིགས་ཤིང་། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་། ཐཱན་བསྡུས་རིན་ཐང་བརྗེ་སྒྱུར་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནུས་རྒྱུ་གཙང་མའི་རྟེན་གཞིའི་གློག་ཤུགས་ཕྱིར་གཏོང་། སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་ལས་རིགས་སློབ་གསོའི་རིག་ཚན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བོད་ཀྱི་གསོ་བ་རིག་པའི་རིག་ཚན་འཛུགས་སྐྱོང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་། དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན། ཀྲུང་གོ་དང་ནེ་པ་ལའི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོར་གཏོང་། གཙོ་གནད་འགྲིམ་འགྲུལ་དང་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་པའི་དོ་སྣང་ཆེན་པོ་བྱེད་པའི་གཙོ་གནད་དེ་དག་ཐོག་ནས་ཨུ་ཡོན་ཚོས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཁུར་བའི་བརྩེ་བ་དང་ཐེག་པ་ཁུར་ལེན་གང་ལེགས་མངོན་ཡོད།