དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་འཚོའི་དོ་ཁུར་བྱེད་གནད་ལ་ལན་བཏབ་པ།

    —— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི“ཨུ་ཡོན་བགྲོད་ལམ”ཐོག་མའི་བཅར་འདྲིའི་གནས་ཚུལ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-03-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་4ཉིན་གྱི་ཆུ་ཚོད་14ཙམ་ལ་མི་དམངས་ཚོགས་ཁང་ཆེ་མོའི་ལྟེ་བའི་ཚོམས་ཆེན་གྱི་བྱང་ངོས་སུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི“ཨུ་ཡོན་བགྲོད་ལམ”ཐོག་མ་ཕྱེ་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ས་གནས་ས་ཐོག་ཏུ་གསར་འགོད་པ་དང་སྤེལ་རེས་བྱས་ཏེ། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བཞིན་བརྗོད་པ་དང་། འགན་སྒྲུབ་ཀྱི་སེམས་གཏམ་ལྷུག་པར་གླེང་བ་མ་ཟད། དམངས་འཚོའི་དོ་ཁུར་བྱེད་གནད་ལ་ཡང་ལན་བཏབ་པ་རེད།

    ཟས་ནི་མི་ཡི་འཚོ་རྟེན་ཡིན། རང་རྒྱལ་གྱི་ཞིང་ལས་ལག་རྩལ་གསར་གཏོད་དང་འབྲུ་རིགས་སྤུས་འབོར་གཉིས་ལྡན་ལ་འཕེལ་རྒྱས་གསར་པ་གང་དག་བྱུང་ཡོད་དམ། དང་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་མཁན་ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་སློབ་སྤྱི་ཨུ་ཡོན་ཡན་ཅན་པིན་གྱིས་སྤོབས་པ་ཆེན་པོས། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཧྲིལ་པོ་འཛམ་གླིང་རུ་བསྟར་གྲུ་བཞིའི་དང་པོར་སླེབས་ཡོད་ཅེས་གསུངས།

    ཡན་ཅན་པིན་གྱིས་ཁོང་གི་ཚོགས་པ་དང་ཁེ་ལས་མཉམ་ལས་གཏིང་ཟབ་བྱས་ནས་སྤྲི་དཀར་འདུས་ཚད་10%ལས་བརྒལ་བའི་མ་རྨོས་ལོ་ཏོག་གི་སྣ་ཁ་མང་པོ་འདེབས་གསོ་བྱས་ཡོད། མ་རྨོས་ལོ་ཏོག་གི་སྤྲི་དཀར་འདུས་ཚད་བརྒྱ་ཆའི་གྲངས་རེ་རེ་མཐོར་འདེགས་བྱེད་པ་ནི་ལས་སླ་པོ་ཞིག་མིན་པས་རྩ་ཧ་ཅང་ཆེན་པོ་རེད་ཅེས་གསུངས།

    “སྤྱི་ཚོགས་རིང་ལུགས་ནི་འབད་བརྩོན་བྱས་ནས་བྱུང་བ་ཞིག་ཡིན་ལ། ཀྲུང་གོའི་དཔལ་འབྱོར་འཕར་བའི་ངོ་མཚར་ཡང་འབད་བརྩོན་བྱས་ནས་བྱུང་བ་ཞིག་རེད” རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་ཨུ་ཡོན་མཱ་ཅན་ཐང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་གདིང་ཤུགས་ཏེ། ང་ཚོར་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། འདང་ངེས་དང་ནུས་ལྡན་གྱི་གཞི་ཆེའི་སྟངས་འཛིན་གྱི་ཡོ་བྱད། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འདེགས་སྐྱོར་དང་འགན་སྲུང་བཅས་ཡོད། ཀྲུང་གོའི་དཔལ་འབྱོར་སྔར་ལས་ལྷག་པའི་འཕེལ་རྒྱས་དང་འཕེལ་རྒྱས་གསར་པ་ཡོང་ངེས་རེད་ཅེས་གསུངས།

    བཟོ་དབྱིབས་མང་བའི་མིས་བཟོས་རིག་ནུས་མ་ལག་ཐད། རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཨུ་ཡོན་ཆའོ་ཧུང་གིས། མི་དབྱིབས་འཕྲུལ་མི་དེ་བཟོ་གྲྭ་དང་། ས་ཞིང་། དམིགས་བསལ་ཁོར་ཡུག་སོགས་སུ་རྒྱ་ཁྱབ་བཀོལ་སྤྱོད་བྱེད་ཐུབ། སླད་ཕྱིན་འཕྲུལ་མི་ཞིབ་འཇུག་གསར་སྤེལ་བྱེད་པར་འབོར་གྲངས་རང་བཞིན་ལ་བསམ་གཞིག་བྱེད་དགོས་པ་མ་ཟད། བློས་འཁེལ་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་སྤྱོད་རང་བཞིན། རིག་ནུས་རང་བཞིན། བདེ་འཇགས་རང་བཞིན་བཅས་ལ་ཡང་བསམ་གཞིག་བྱེད་དགོས། “དེ་ནི་ཁྲོམ་རའི་དགོས་མཁོ་རེད་ལ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་ཁེ་ལས་མཁས་ཅན་གྱི་ཐུན་མོང་གི་ཕུཌ་འདུན་དང་འགྲན་སློང་ཡང་རེད”ཅེས་གསུངས།

    རང་རྒྱལ་དུ་ལོ་60དང་དེ་ཡན་གྱི་མི་འབོར་དུང་ཕྱུར་3ལས་བརྒལ་བས། “ནུབ་ཁའི་ཉི་མར”སྲུང་སྐྱོང་བྱེད་པའི་དབུ་དཀར་དཔལ་འབྱོར་དེ་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་ཐོན་ལས་སུ་འགྱུར་བཞིན་ཡོད།

    ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཨུ་ཡོན་ཅིན་ལི་ཡིས། མིག་སྔར་རྒན་རྒོན་གྱི་དགོས་མཁོའི་གྲུབ་ཆ་དེ་འཚོ་གནས་རྣམ་པ་ནས་འཕེལ་རྒྱས་རྣམ་པར་གྱུར་ཡོད་ཅིང་། ཟས་གོས་འགྲོ་སྡོད་སྤྱོད་སོགས་ཀྱི་དངོས་རྫས་ཀྱི་དགོས་མཁོ་ཡོད་ལ་བདེ་ཐང་དང་རྒན་གསོ་སོགས་ཀྱི་ཞབས་ཞུའི་དགོས་མཁོ་ཡང་ཡོད། 2035ལོར་སླེབས་སྐབས་རང་རྒྱལ་གྱི་དབུ་དཀར་དཔལ་འབྱོར་གྱི་གཞི་རྒྱ་སྒོར་དུང་ཕྱུར་ཁྲི་30ཡས་མས་ཟིན་རེ་ཡོད། དབུ་དཀར་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་ཡོད་པས་ཀྲུང་གོའི་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།

    ཨུ་ཡོན་ཧོང་མན་སུང་གིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་དེ་མི་སེམས་སུ་གཏིང་ཟབ་ཟུག་ཡོད། སྐྱེ་ཁམས་ཁོར་ཡུག་ལེགས་གཏོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་གཉིས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་འདི་འདྲ་རྒྱལ་ཡོངས་སུ་ད་དུང་མང་པོ་ཐོན་བཞིན་ཡོད”ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།