དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “སྤྱི་ཚོགས་ལས་དོན་ལ་ངེས་པར་དུ་ཤུགས་རྒྱག་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུ་གཉིས་ཀྱི“ཚོགས་པ་དང་ཚོགས་ཆུང”ལ་ཕེབས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཁོང་ཤིས་ཤིས།   |     སྤེལ་དུས།  2025-03-09

    དུས་ཚོད། ཟླ་3ཚེས་5ཉིན་གྱི་ཕྱི་དྲོ།

    ཉིན་རེའི་ལས་རིམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

    ཚོགས་རའི་ནང་གི་དྲི་བ་དྲི་ལན་རེ་རེ་ལས“སྤྱི་ཚོགས་བཅོས་སྐྱོང”དེ“རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན”གྱི་ངོས་ནས་གལ་འགངས་ཆེན་པོ་ཡིན་པ་མཚོན་ཡོད།

    སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་12སོང་བའི་འཐུས་མི་ལི་ཤའོ་ནཱ་ཡིས་གཞི་རིམ་གྱི་ལས་དོན་སྐོར་གླེང་སྐབས་ཆུ་རྒྱུག་རྒྱུག་ཏུ་གསུང་།

    “ཁྱེད་ཚོའི་སྡེ་ཁུལ་ལ་མི་ག་ཚོད་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་པར་དྲིས་གནང་སྐབས།

    “མི་གྲངས་7266ཡོད་པ་དེ་དག་གྲོང་མིའི་ཁུལ་ཆུང་5ལས་གྲུབ་ཡོད། ང་ཐོག་མར་དེར་ཡོང་སྐབས་མི་3000ལྷག་ཙམ་ལས་མེད་ཀྱང་ད་ལྟ་ལྡབ་གཅིག་འཕར་ཡོད”

    གྲངས་ཀ་འདི་དག་གསན་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་མྱོང་ཚོར་ཟབ་མོའི་སྒོ་ནས“སྔོན་ཆད་གྲོང་མི་ཨུ་ལྷན་ཚང་མ་ཆུང་ཆུང་ཡིན་པ་དང་སྡེ་ཁུལ་གྱི་ཧྲུའུ་ཅི་ནི‘ཁྲོམ་གཞུང་གི་ཙུང་ལི’ལྟ་བུ་ཡིན་པས་དོ་དམ་བྱེད་དགོས་པའི་ལས་དོན་ཧ་ཅང་མང་པོ་ཡོད་པས་ལས་སླ་པོ་མ་རེད”ཅེས་གསུངས།

    སྡེ་ཁུལ་ནི་གྲོང་ཁྱེར་བཅོས་སྐྱོང་གི་གཞི་རྩའི་སྡེ་ཚན་ཞིག་རེད། ཁྱིམ་དུད་མང་བས་ལས་ཀ་རྙོག་གྲ་ཆེན་པོ་ཡོད། དེ་དག་ལས་རྒྱལ་ཁབ་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཆེན་པོ་མངོན་གྱི་ཡོད། སྡེ་ཁུལ་ནང་གི་དོན་དག་དེ་དག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་ཆེན་པོ་གནང་གི་ཡོད།

    དོ་ཁུར་དེ“རྒན་གཅིག་གཞོན་གཅིག”དང་འབྲེལ་བ་ཡོད།

    “རྒན་རྒོན”གྱི་གནས་ཚུལ་ཏེ། “ད་ལྟ་རྒན་རྒོན་གྱི་ཟ་ཁང་གཉེར་ཚད་ཁྱབ་ཆེན་པོ་ཡོད་མོད། འོན་ཀྱང་དོན་དག་འདི་ཕན་བདེ་རིང་ལུགས་བྱེད་དྲགས་རྒྱུ་མེད། དེ་ལྟར་བྱས་ཚེ་རྒྱུན་འཁྱོངས་བྱེད་མི་ཐུབ། ཡུལ་བབ་དང་བསྟུན་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་དགོས། དུས་མཚུངས་སུ་རྒན་རྒོན་ཁྱིམ་སྡོད་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་། དང་བླངས་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒན་རྒོན་གྱི་སྨན་དོན་ལས་རིགས་སྐྱེད་སྲིང་ཡག་པོ་བྱེད་དགོས”

    “བྱིས་པའི”གནས་ཚུལ་ཏེ། “མི་འབོར་གྱི་གྲུབ་ཆ་དང་བུ་བཅོལ་ཁང་གཉེར་བའི་སྤུས་ཚད་ལ་གཞིགས་ན། ད་ལྟའི་བུ་བཅོལ་ཞབས་ཞུའི་ཐད་ས་ཁུལ་ཁ་ཤས་ལ་ད་དུང‘ཉུང་དྲགས་པའམ’ཡང་ན‘མང་དྲགས་པའི’སྣང་ཚུལ་ཡོད་པས་གནས་ཚུལ་དངོས་ལ་གཞིགས་ནས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་དགོས། ང་ཚོ་ཚང་མར་བྱིས་པ་རྣམས་བདེ་འཇགས་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། བུ་བཅོལ་ཁང་གི་ཞབས་ཞུའི་མི་སྣར་ཆེད་ལས་དང་འགན་འཁྲི་ལྡན་པའི་རེ་བ་ཡོད་ལ། ད་དུང་དེའི་ཐད་ཀྱི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བའང་ཡོད”

    དོ་ཁུར་དེ་ལས་ཞུགས་ཚོགས་སྤྱི་གསར་པ་དང་འབྲེལ་བ་ཡོད།

    གྲངས་གཞི་ཁག་ལས་མངོན་པར། རྒྱལ་ཡོངས་ཀྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁྲི་8400ཟིན་ནས་ལས་བཟོའི་བསྡོམས་འབོར་གྱི་21%བཟུང་ཡོད།

    རྒྱབ་ལྗོངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད། 2023ལོར་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་བཙུགས་པ་དང་ཆབས་ཅིག ས་གནས་ཁག་གི་སྤྱི་ཚོགས་ལས་དོན་པུའུ་ཡང་གཅིག་རྗེས་གཉིས་མཐུད་ངང་བཙུགས་ཡོད། 2024ལོར་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། “དམངས་ལ་ཕན་པའི་བྱ་བ་གང་འདྲ་ཞིག་ཡིན་རུང་ཇི་ལྟར་ཆུང་ནའང་སྒྲུབ་དགོས་ངེས་རེད”ཅེས་བརྗོད་ཆོག

    “སྤྱི་ཚོགས་ལས་དོན་ལ་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པའི”ཐད་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་དོན།

    “ང་ཚོའི་སྤྱི་ཚོགས་ཚོགས་སྤྱི་ཞིབ་ཕྲ་དབྱེ་བཞིན་ཡོད། ལོ་ཤས་རིང་ཐོན་པའི་མྱུར་སྐྱེལ་བ་དང་། དྲ་འབོད་རླངས་འཁོར་ཁ་ལོ་བ། དྲ་ཐོག་ཚོང་དོན་ལས་གཉེར་བ་སོགས་ལ་དོ་དམ་ཞབས་ཞུའི་ཐད་རྗེས་སྙེགས་བྱས་ཏེ་སྟོང་ཆ་དེ་ཁ་གསབ་ཡག་པོ་བྱེད་དགོས། དོ་དམ་བྱེད་དགོས་ལ་ཞབས་འདེགས་ཀྱང་ཞུ་དགོས”

    གཞི་རིམ་གྱི་བཅོས་སྐྱོང་ཡག་པོར་བརྟེན་ནས་ཀྲུང་གོའི་བཅོས་སྐྱོང་སྲ་བརྟན་དུ་གཏོང་དགོས། ཚོགས་རའི་ནང་སྤྱི་ཁྱབ་ཧྲུའུ་ཅིས“རྨང་གཞིའི་རང་བཞིན་དང་། སྤྱི་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བྱ་བ་དངོས་མང་ཙམ་བསྒྲུབས་ནས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་བའི་ཐད་ཆུ་ཚད་སླར་ཡང་མཐོ་རུ་གཏོང་དགོས”ཞེས་མངགས་བཅོལ་ནན་པོ་གནང་ཡོད། དམངས་ཆེད་ལས་དོན་སྒྲུབ་པ་དག་ཡིག་འབྲུ་རེ་རེ་ལས་གང་ལེགས་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།