དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ལོ་གསར་རིང་གི་སྡེ་ཁུལ་གྱི“ལྟ་སྲུང་བ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་རིང་གཡུ་སྒྲོན།   |     སྤེལ་དུས།  2025-03-07

    དཔྱིད་འགོའི་ས་སྲོས་ཀྱི་དུས་སུ་ལྷ་སར་མཛེས་པའི་གློག་སྒྲོན་གྱི་འོད་མདངས་འཚེར་ཞིང་གྲང་རླུང་ངར་པོ་ལྡང་། ལས་དུས་འཕར་མ་བྱས་མ་ཐག་པའི་ངལ་དུབ་དང་སྦྲགས་ནས་ངས་གོང་བ་རུབ་རུབ་བཟོས་པ་དང་ལག་ཏུ་ཁྱིམ་མཚེས་རྨོ་བོ་བསོད་ནམས་ལགས་ཀྱིས་ང་ལ་ཉོ་རྒྱུར་མངགས་པའི་དམར་འདུར་འཁྱེར་ནས་བྲེལ་བྲེལ་འཚུབ་འཚུབ་ངང་ཁྱིམ་དུ་ལོག བོད་ཀྱི་ལོ་གསར་རིང་སྲང་ལམ་དུ་ཉིན་འགའི་སྔོན་གྱི་འཁྲུག་ཆ་དག་ལྷིང་འཇགས་སུ་འགྱུར་ཏེ་ལམ་འགྲུལ་པ་ཐར་ཐོར་གྱིས་ལོ་གསར་གྱི་དངོས་ཟོག་ཁྱེར་ནས་ཁྱིམ་དུ་ལོག་པའི་གོམ་པའི་འདེགས་འཇོག་མགྱོགས་པོ་ལས་མཐོང་རྒྱུ་མི་འདུག

    རྨེ་རུ་སྡེ་ཁུལ་གྱི་སྲང་ལམ་དུ་འཛུལ་སྐབས་ངའི་གོམ་སྟབས་དལ་དུ་སོང་བ་དང་། མིག་ལམ་དུ་སྡེ་ཁུལ་གྱི་ལས་དོན་པ་དང་། མེ་གསོད་རུ་མི། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། ཁོར་ཡུག་གཙང་སྦྲ་བ་བཅས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་མཐོང་བྱུང་། ལ་ལས་ཕྱགས་མ་བཟུང་ནས་ལམ་འགྲམ་གྱི་གད་སྙིགས་ཕྱགས་པ་དང་། ལ་ལས་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་པ། ཡང་ལ་ལས་ལམ་མདོར་ལངས་ནས་འཁོར་རིགས་ལ་བཀོད་འདོམས་ནན་ཏན་བྱེད་བཞིན་འདུག གྲང་རླུང་ཁྲོད་ཁོ་ཚོའི་ལས་སྟངས་འགོར་ཙམ་ཡོད་མོད། འོན་ཀྱང་ཧ་རེ་ཧུ་རེ་སྤུ་ཙམ་ཡང་མི་འདུག

    ལས་གནས་བརྟན་སྲུང་བྱེད་བཞིན་པའི་ལས་དོན་པ་མཐོང་རྗེས། ང་རང་ཕུད་པའི་མི་མང་པོ་ཞིག་གིས་སྐད་གྲགས་མེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་གཞི་ནས་ཚོར། ཁོང་ཚོའི་གཟུགས་བརྙན་ནི་དགུན་དུས་ཀྱི་གློག་སྒྲོན་ཞིག་དང་འདྲ་བར། རྒྱུས་མངའ་ཆེ་བའི་སྲང་ལམ་འདིར་འོད་སྣང་སྦྱིན་ལ་ངའི་སེམས་ཁོང་ལའང་དྲོད་ཁོལ་སྟེར། བྲེལ་བརྩོན་ཆེ་བའི་ཚང་མའི་གཟུགས་བརྙན་ནི་མི་རྣམས་བློ་སེམས་བདེ་རུ་འཇུག་པའི་མཚན་མོའི་རོལ་དབྱངས་སྙན་མོ་ཞིག་དང་འདྲ།

    དབུགས་ཤུགས་ཀྱིས་རྔུབ་རྗེས་ངས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཁྱིམ་གྱི་ཕྱོགས་སུ་བསྐྱོད་པ་ཡིན། རྨོ་བོ་བསོད་ནམས་ལགས་ཀྱི་ཁྱིམ་དུ་འབྱོར་སྐབས། སྟོད་གོས་དམར་པོ་གྱོན་པའི་སྡེ་ཁུལ་གྱི་ལས་དོན་པ་གསུམ་གྱིས་རྨོ་བོ་བསོད་ནམས་ལགས་དང་ཕན་ཚུན་ལོ་གསར་གྱི་སྨོན་ཚིག་འབུལ་རེས་བྱེད་བཞིན་འདུག “རྨོ་བོ་ལགས། ལོ་གསར་པའི་ནང་ཁྱེད་རང་ནད་མེད་ཚེ་རིང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ”ཞེས་ལས་དོན་པས་རྨོ་བོ་ལགས་ལ་ཁ་བཏགས་ཕུལ། རྨོ་བོ་བསོད་ནམས་ལགས་ཀྱིས་དགྱེས་ཚོར་ཆེན་པོས“ལོ་གསར་ལ་བཀྲ་ཤིས་བདེ་ལེགས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། ལོ་གསར་པར་ཁྱེད་རྣམ་པའི་ཁྱིམ་ཚང་འཆམ་མཐུན་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་གི་ཡིན”ཞེས་སྨོན་ཚིག་བསྒྲོན་ཞིང་། གློག་འོད་ཀྱི་འོག་ཏུ་དཀར་གཙང་གི་ཁ་བཏགས་ལས་འོད་མདངས་རབ་ཏུ་འཚེར།

    ལོ་93ལ་སླེབས་པའི་རྨོ་བོ་བསོད་ནམས་ལགས་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་བུ་མོ་ཆུང་བ་གཉིས་པོ་འདི་གར་འཚོ་བ་བསྐྱལ་ནས་ལོ་30ལྷག་ཙམ་འདས་ཤིང་། ནམ་རྒྱུན་ཁྱིམ་མཚེས་ཚོས་རྟག་ཏུ་ཁོང་གཉིས་ལ་རོགས་པ་བྱེད་པར་ཡོང་གི་ཡོད་ལ། སྡེ་ཁུལ་གྱི་ལས་དོན་པས་ཀྱང་དུས་བཀག་ལྟར་ཁྱིམ་དུ་ཁོང་ལ་ལྟ་སྐྱོང་བྱེད་པར་ཡོང་གི་ཡོད། རྨོ་བོ་བསོད་ནམས་ལགས་ཀྱི་བུ་མོ་རྒན་པས་ཁོང་མཉམ་དུ་ཁྲིད་འདོད་ཡོད་མོད། འོན་ཀྱང་། ཁོང་ནི་འདི་ག་ནས་བྲལ་འདོད་མེད་པ་མ་ཟད། རྟག་ཏུ་ཅི་འཕྲོས་མོལ་འཕྲོས་ཤོད་སའི་ཁྱིམ་མཚེས་དེ་དག་དང་ཡང་དེ་བས་བྲལ་འདོད་མེད་པ་སྔ་ས་ནས་གོ་ཐོས་བྱུང་། “འདི་གའི་ཁང་པ་རྙིང་པ་ཡིན་མོད། འོན་ཀྱང་། ཁྱིམ་ཚང་གི་དྲོ་སྐྱིད་ཡོད”ཅེས་པའི་སྐད་ཆ་འདི་ནི་རྨོ་བོ་བསོད་ནམས་ལགས་ཀྱི་ཁ་རྒྱུན་དུ་གྱུར་ཡོད།

    ཚང་མ་དང་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས། བོད་ཀྱི་ལོ་གསར་གྱི་དུ་ཕྱགས་བྱེད་རིང་སྡེ་ཁུལ་གྱི་ལས་དོན་པས་རྨོ་བོ་བསོད་ནམས་ཀྱི་ཁྱིམ་དུ་གཙང་སྦྲ་བྱེད་རོགས་བྱས་པ་མ་ཟད། ད་དུང་གྱོན་ཆས་བསྡུ་གསོག་བརྒྱབ་པ་དང་ཁང་པའི་ཁུག་གསེང་གང་སར་གཙང་སྦྲ་བྱེད་རོགས་བྱས་པ་དང་། གཙང་སྦྲ་ཚར་རྗེས་ད་དུང་རྩམ་པ་དང་མར་སོགས་ལོ་གསར་གྱི་མཁོ་ཆས་བསྐྱལ་བ་ཤེས་བྱུང་།

    དེ་ནས་ཁ་གྱེས་ཁར། ན་གཞོན་ལས་དོན་པ་ཞིག་གིས་རྨོ་བོ་བསོད་ནམས་ལགས་ཀྱི་མདུན་དུ་སོང་སྟེ་ངག་འཇམ་པོས། “རྨོ་བོ་ལགས། ལོ་གསར་རིང་གློག་དང་མེ་སྤྱོད་སྐབས་བདེ་འཇགས་ལ་དོ་སྣང་གནང་དགོས། དགོས་མཁོ་ཅི་ཞིག་ཡོད་རུང་ང་ཚོར་ཁ་པར་རྒྱག་རོགས”ཞེས་བཤད་པ་དང་། རྨོ་བོ་བསོད་ནམས་ལགས་ཀྱིས་མགོ་ལྕོག་ལྕོག་བྱེད་བཞིན“ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། ཁྱེད་ཚོ་ནི་ངའི་རང་ཕྲུག་དང་ཁྱད་མེད”ཅེས་བཤད།

    གྲང་ངར་ཆེ་བའི་མཚན་མོ་དེར། མི་མང་ཆེ་བ་ཁྱིམ་དུ་ལོག་ནས་གཉེན་ཉེ་དང་མཉམ་འཛོམས་ཀྱི་དགའ་སྟོན་ལ་རོལ་བཞིན་ཡོད་སྐབས། སྡེ་ཁུལ་གྱི་ལས་དོན་པས་སྔར་རྒྱུན་བཞིན་ལས་གནས་བརྟན་པོར་སྲུང་བཞིན་ཡོད། ཁོང་ཚོར་གྲ་རྒྱས་པའི་ལོ་གསར་གྱི་དགོང་ཟས་མེད་ལ། ནང་མི་དང་མཉམ་དུ་ལོ་གསར་གཏོང་སྐལ་ཡང་བྱུང་མེད་རུང་། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་འགན་འཁྲི་དང་ལེགས་སྐྱེས་ཞེས་པའི་ནང་དོན་ལ་གསལ་འགྲེལ་བརྒྱབ་ཡོད། རྒན་རྒོན་ལ་དྲོ་སྐྱིད་སྦྱིན་པའམ་ཡང་ན་སྡེ་ཁུལ་གྱི་སྲང་ལམ་གཙང་ཕྱགས་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་གང་ཞིག་ཡིན་རུང་། ཁོང་ཚོའི་འབད་བརྩོན་རེ་རེས་བོད་ཀྱི་ལོ་གསར་སྔར་བས་དྲོ་སྐྱིད་དང་བདེ་འཇགས་ལྡན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།