དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ལྟ་ཉན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-06

    ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱ་ཐབས་སྣ་ཚོགས་བརྒྱུད་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ལྟ་ཉན་བྱས་ནས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནན་ཏན་ངང་ཉན་པ་དང་། ཚོགས་འདུ་གྲོལ་རྗེས་ཚང་མས་གྲོས་བསྡུར་འཁྲུག་པོ་བྱས་ནས་བསམ་ཚུལ་དང་མྱོང་ཚོར་ལྷུག་པོར་གླེང་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གུར་ས་གྲོང་ཚོའི་ཏང་ཡོན་རྒན་གྲས་དངོས་གྲུབ་ཀྱིས། “འདས་ཟིན་པའི་ལོ་གཅིག་རིང་། རྒྱལ་ཁབ་ཀྱིས་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་བཏང་བས། ང་ཚོ་མི་སེར་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་བྱུང་། ད་ཆ་ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་པའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་མ་ཟད། སྨན་བཅོས་འགན་སྲུང་ཡང་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད་པས་ང་ཚོའི་འཚོ་བར་རེ་བ་དེ་བས་ཁེངས་ཡོད། ཏང་གི་འགོ་ཁྲིད་འོག་འབྱུང་འགྱུར་གྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་སེམས་འགུལ་ཚད་མེད་ཐེབས་བཞིན་བརྗོད་པ་རེད།

    སྲིད་གྲོས་སྒར་རྫོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཤང་ཅུན་གྱིས“གོམ་སྟབས་རྗེས་མར། ང་ཚོས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་མཛུབ་ཁྲིད་དེ་བྱ་སྤྱོད་ཀྱི་རྩ་འཛིན་དུ་བྱས་ནས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་དམ་པོར་དམིགས་ཏེ་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་ཞིབ་བྱེད་སྒོ་སྤེལ་བ་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ཞིབ་འཇུག་བྱ་གཞིར་དམིགས་ནས་ཐབས་དང་ཇུས་འདོན་གྱི་ཡིན”ཞེས་བརྗོད་པ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་ཁྲིམས་ཁང་ཆབ་སྲིད་པུའི་དྲིལ་བསྒྲགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཀུའོ་ཡུས་ཆུང་གིས“ཚོགས་འདུ་གཉིས”ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རིང་ནུས་པ་དེ་བས་ཆེན་པོ་འདོན་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཁྲིམས་འཛིན་འདྲི་གཅོད་ལས་ཁུངས་ཀྱི་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕྱག་རྟགས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཨུད་གཞུང་དོན་ཁང་གི་རིམ་པ་དང་པོའི་ཁོའོ་ཡོན་ཁྲེན་ལུའུ་ཆིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི“འཕར་སྣོན་བརྟན་པོ་དང་། དམངས་འཚོར་ཕན་འདོགས་པ། གསར་གཏོད་ལ་ཤུགས་སྣོན་རྒྱག་པ”སོགས་ཀྱི་ལྟེ་བའི་གྲོས་དོན་གྱིས་དུས་རབས་ཀྱི་འཕར་རྩར་དམ་པོར་དམིགས་ནས་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་གཞི་མངོན་པ་དང་། ལྷག་པར་དུ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལེགས་སུ་གཏོང་བ། ལྗང་མདོག་ཕྱོགས་སྒྱུར་བྱེད་ཟབ་ཏུ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་སུ་དོན་གཉེར་བྱ་ཐབས་བཀོད་སྒྲིག་བྱས་ཡོད་པས་དངོས་གནས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་པ་ཞིག་འདུག་ཅེས་བརྗོད་པ་རེད།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འཁོར་མང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཁྲེན་ཞང་ཝེས“སྙན་སྒྲོན་ནང‘གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་དང་མི་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས’ཞེས་ཁ་གསལ་བཏོན་པ་དེས་ང་ཚོས་གྲོང་གསེབ་དར་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལས་དོན་རྒྱུན་མཐུད་ཧུག་ཐག་སྒྲུབ་པར་སྐུལ་ལྕག་ཆེན་པོ་བྱས་ཡོད”ཅེས་བརྗོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྨད་ཤང་གི་རྩ་འཛུགས་ཨུ་ཡོན་ཚེ་རིང་ལྷ་མོས“མཐའ་མཚམས་རྫོང་གི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་རང་ངོས་ཀྱི་ཕྲག་ཐོག་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་བས། ངས་འབྱུང་འགྱུར་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་ཨང་དང་པོར་བཞག་སྟེ། མཐའ་མཚམས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་། མང་ཚོགས་ཀྱི་སྐྱིད་སྣང་དང་གཏོགས་སེམས་ཆེ་རུ་བཏང་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།

    “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང‘མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སློབ་གནས་མཁོ་འདོན་བྱེད་རྒྱ་ཆེ་རུ་བཏང་ནས་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་དགོས’ཞེས་བཏོན་ཡོད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་མར་ལེ་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཨའེ་ཕིང་གིས“སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཀྲུང་གོའི་སློབ་གསོ་དང་བོད་ཀྱི་སློབ་གསོར་ཡིད་ཆེས་ཆེན་པོ་བྱས་ནས་སྤྱིར་བཏང་གི་ལས་གནས་ཐོག་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་ནུས་ཤུགས་གང་ནུས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།