དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་པའི་སྔོན་སྤེལ་ཁུལ་བསྐྲུན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    ——ཨ་ཧྥེ་རི་ཁའི་ཐོན་རྫས་ཡག་པོ་ཀྲུང་གོའི་ཁྲོམ་རར་འདྲེན་ཤུགས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་ཤུན།   |     སྤེལ་དུས།  2025-03-04

    འདི་ནི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཚོགས་རིང་། ཁེན་ནི་ཡའི་ཇ་ལོ་ཚབ་འཚོང་མཁན(གཡས་ཀྱི་དང་པོ)གྱིས་འགྲེམས་སྟོན་ནང་ཞུགས་མཁན་ལ་ཇ་ལོ་ངོ་སྤྲོད་བྱེད་བཞིན་པ།

    ཞོགས་པའི་ཉི་ཟེར་འཕྲོ། ཁེན་ནི་ཡའི་མཚོ་འགྲམ་དུ་ཆགས་པའི་ཉ་པ་ཚོས་སྨུག་པའི་ཁྲོད་དུ་ཉ་དྲ་རྒྱ་མཚོར་བཀྲམ་ཞིང་། བཟུང་བའི་ཐི་ཉ་དག་ཉི་སྐམ་བཏང་ནས་ལས་སྣོན་བྱས་རྗེས་ཀྲུང་གོར་ཕྱིར་གཏོང་བྱེད་པ་དང་། དེ་ནས་ཞིམ་ཟས་སྣ་ཚོགས་བཟོས་ཏེ་རྒྱལ་ཁབ་30ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།

    རྒྱལ་སྤྱིའི་ལས་སྒོ་དེའི་འགན་འཁུར་མཁན་ནི་ཧུའུ་ནན་ཅིན་ཙེ་བཟའ་བཅའ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་རེད། ད་ཆ་ཀུང་སི་དེ་ཉིད་ཁེན་ནི་ཡའི་ཐི་ཉ་སྐམ་པོ་ནང་འདྲེན་བྱེད་མཁན་ཚོང་དུད་ཆེ་ཤོས་ཀྱི་གྲས་སུ་གྱུར་ཡོད། “ང་ཚོའི་འབྲེལ་ཡོད་ཐོན་རྫས་ལོ་རེའི་ཕྱིར་ཚོང་གྲངས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་10ལས་བརྒལ་གྱི་འདུག ལོ་ལྟར་ཀུང་སིས་ཉ་ཏུན་ཁྲི་ཁ་ཤས་ནང་འདྲེན་བྱེད་དགོས་ཀྱི་ཡོད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་ཀྲོའུ་ཅིང་སུང་གིས་བརྗོད།

    2024ལོའི་ཟླ་དང་པོར《ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་པའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》ཁྱབ་བསྒྲགས་བྱས་པ་ནས་བཟུང་། ཧུའུ་ནན་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཁྲང་ཧྲ་འགག་སྒོའི་བསྡོམས་རྩིས་ལྟར་ན། 2024ལོར་ཧུའུ་ནན་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཚོང་དོན་སྤེལ་བའི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་548.5ཟིན་ནས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཨང་དང་པོར་མུ་མཐུད་བརྟན་པོར་གནས་ཡོད།

    ཨ་ཧྥེ་རི་ཁའི་ཀོག་ཧྥེ་དང་ཤུན་མཁྲེགས་ཤིང་ཏོག་སོགས་ཉོ་ཚོང་བྱེད་སའི་ལྟེ་གནས་བྱུང་བ།

    “སྲིད་གཞུང་ལས་སྟེགས་ཀྱིས་འབྲེལ་ཟམ་བསྐྲུན་པ་བརྒྱུད། ཨ་ཧྥེ་རི་ཁའི་ཀོག་ཧྥེ་རིལ་མ་ཀྲུང་གོའི་ཁྲོམ་རར་སྔར་བས་གཏོང་འདྲེན་བདེ་བླག་བྱུང་སྟེ། སྐྱེལ་འདྲེན་དུས་ཚོད་ཐུང་དུ་དང་མ་གནས་ཆུང་རུ་ཕྱིན་ཡོད” ཀྲུང་གོས་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ལ“ལྗང་མདོག་བགྲོད་ལམ”བཏོད་དེ་རིམས་ནད་བརྟག་བཤེར་གྱི་མཆན་འགོད་འགྲོ་ལུགས་འཕྲལ་ཞུ་འཕྲལ་འགོད་དང་། སྔོན་ལ་ཞིབ་བཤེར། ལྗང་མདོག་ཞིབ་བཤེར་བགྲོད་ལམ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཅིང་ཅན་ཧྭ་ཡིས་བཙུགས་པའི་ཨ་ཧྥེ་རི་ཁའི་ཀོག་ཧྥེ་ཡི་ཁྱད་ཆོས་ལྡན་པའི་ཧུའུ་ནན་གྱི“ཀོག་ཧྥེ་སྦྱིན་བདག་ཆུང་ཆུང”ཞེས་པའི་ཀོག་ཧྥེ་ཡིས་རྒྱལ་ཡོངས་ས་གནས་ཁག་ཏུ་མུ་སྦྲེལ་ཚོང་ཁང་50ལྷག་ཙམ་འཛུགས་ཐུབ་ཡོད།

    ཀྲུང་གོ་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། 2024ལོར་ཀྲུང་གོས་ཨ་ཧྥེ་རི་ཁ་ནས་ནང་འདྲེན་དང་དེར་ཕྱིར་གཏོང་བྱེད་ཚད་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་2.1ཟིན་པ་དེ་ལོ་གོང་མ་ལས་6.1%འཕར་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཕྱེད་ཀ་ཙམ་གྱི་ཚོང་དོན་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་འཕར་ཚད་གྲངས་གནས་གཉིས་ལས་བརྒལ་ཡོད། ཁྲང་ཧྲ་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་གཞོན་པ་དབྱང་ཀྲོ་ཡིས། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཉིན་བཞིན་དམ་ཟབ་ཏུ་ཕྱིན་པ་དང་གཉིས་ཁེ་གཉིས་ཕན་བྱུང་སྟེ། ཀྲུང་གོའི་འཛད་སྤྱོད་པའི་དགོས་མཁོ་སྣ་མང་སྐོང་ཐུབ་པ་མ་ཟད། ཨ་ཧྥེ་རི་ཁའི་ཚོང་པར་ཀྲུང་གོའི་ཁྲོམ་ར་ནས་ཁེ་ཕན་ཡང་ཐོབ་ཡོད་ཅེས་བརྗོད།

    ཨ་ཧྥེ་རི་ཁའི་ཞིང་ལས་འཕེལ་རྒྱས་ལ་བློས་འགེལ་ཆོག་པའི་ལག་རྩལ་གྱི་འདེགས་སྐྱོར་བྱུང་བ།

    ཧུའུ་ནན་ཁྲང་ཧྲ་ལུང་ཕིང་ཆུ་འབྲས་རྟེན་མཛོད་ཁང་དུ་མ་ཏ་ཀ་སི་ཁར་གྱི་ཨ་ལི་ཡ་ལི་དངུལ་སྒོར་ཁྲི་2རི་བའི་ཤོག་སྒོར་ཞིག་འགྲེམས་སྟོན་བྱས་པའི་ཐོག་རྒྱུད་འདྲེས་ཆུ་འབྲས་ཀྱི་རི་མོ་བཀོད་ཡོད། དེ་ནི་2022ལོར་ཀྲུང་གོར་བཅའ་སྡོད་མ་ཏ་ཀ་སི་ཁར་གྱི་གཞུང་ཚབ་ཆེ་མོ་བ་ལུའོ་པན་སུང་གིས་ཕུལ་བའི་དམིགས་བསལ་གྱི་ལག་རྟགས་ཤིག་རེད།

    ཆུ་འབྲས་ནི་མ་ཏ་ཀ་སི་ཁར་གྱི་ཞིང་ལས་ལོ་ཏོག་གཙོ་བོ་ཡིན་མོད། འོན་ཀྱང་ས་བོན་གྱི་སྤུས་ཚད་དང་། འདེབས་འཛུགས་ལག་རྩལ། རྨང་གཞིའི་སྒྲིག་བཀོད་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་མ་ཏ་ཀ་སི་ཁར་སྐབས་ཤིག་རིང་འབྲུ་རིགས་རང་མཁོ་རང་སྤྲོད་བྱེད་ཐབས་བྲལ་བའི་གནས་ཚུལ་འཕྲད་ཡོད། ཡོན་ཧྲི་ས་བོན་ལས་རིགས་ཚན་རྩལ་མཐོ་བའི་ཚད་ཡོད་ཀུང་སི(གཤམ་དུ“ཡོན་ཧྲི་ས་བོན་ལས་རིགས”ཞེས་བསྡུ་རྒྱུ)ཡིས་གཉེར་སྐྱོང་བྱེད་པའི་མ་ཏ་ཀ་སི་ཁར་རྒྱུད་འདྲེས་ཆུ་འབྲས་ཀྱི་དཔེ་སྟོན་ལྟེ་གནས་ཀྱིས་ཧུའུ་ནན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཕྱི་ཕྱོགས་རོགས་སྐྱོར་རྣམ་གྲངས་ཀྱི་རྗེས་མཐུད་ཚོང་ལས་ཅན་གྱི་འཁོར་རྒྱུག་ལས་དོན་དང་དུ་བླངས་ཏེ། མ་ཏ་ཀ་སི་ཁར་དུ་རྒྱུད་འདྲེས་ཆུ་འབྲས་གཞི་ཁྱོན་ཅན་གྱི་རྣམ་པའི་ཐོག་ནས་འདེབས་འཛུགས་བྱེད་པར་སྐུལ་འདེད་བཏང་ནས་ཞིང་ལས་ཕྱི་ཕྱོགས་རོགས་སྐྱོར་རྣམ་གྲངས་རྒྱུན་མཐུད་འཁོར་རྒྱུག་ཐུབ་པར་བྱས་ཡོད།

    མིག་སྔར་ལུང་ཕིང་ཚན་རྩལ་མཐོ་བའི་ཀུང་སིས་ཁེན་ནི་ཡ་དང་ཐན་ཙན་ནི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་53དུ་ཞིང་ལས་ལག་རྩལ་གསོ་སྦྱོང་ཐེངས་200ལྷག་ཙམ་བྱས་པ་དང་ཞིང་ལས་དཔོན་རིགས་དང་ལག་རྩལ་ཤེས་ལྡན་པ་7000ལྷག་ཙམ་གསོ་སྦྱོང་བྱས་ཡོད། ལུང་ཕིང་ཚན་རྩལ་མཐོ་བའི་རྒྱལ་སྤྱིའི་གསོ་སྦྱོང་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཨོང་ཡུང་གིས་སོན་བཟང་འདེམས་གསོ་བྱུང་རྗེས་ཐབས་མཆོག་བརྒྱུད་ཁྲིད་བྱས་ཚེ། གཞི་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྟོབས་ཤུགས་དེ་བས་ཆེན་པོ་དང་མཉེན་ཆ་དེ་བས་དོད་པའི་ཞིང་ལས་མ་ལག་ཅིག་གཏོད་ཐུབ་ཅེས་བཤད།

    ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ལམ་སྲོལ་ཅན་གྱི་ལས་སྟེགས་བྱུང་བ།

    ལྷོ་ཨ་ཧྥེ་རི་ཁའི་རྒུན་ཆང་དང་ཀི་ནེ་ཡའི་ཨ་ཧྥེ་རི་ཁའི་རྔ་སོགས་ཧུའུ་ནན་ཁྲང་ཧྲ་ཡུས་ཧྭ་ཁུལ་དུ་ཡོད་པའི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཀྱི་རྒྱུན་འཛུགས་འགྲེམས་སྟོན་ཁང་དུ་སྐྱོད་སྐབས། ཨ་ཧྥེ་རི་ཁའི་ཐོན་རྫས་ཡག་པོ་འདྲ་མིན་སྣ་ཚོགས་ལྟ་བས་མི་ངོམས་པ་ཡོད།

    ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཧུའུ་ནན་དུ་གྲུབ་འབྲས་ཐོབ་པའི་ངང་ཐེངས་གསུམ་འཚོགས་པ་དང་། རང་མོས་ཚོང་དོན་ཁུལ་ཁྲང་ཧྲ་ཡུག་ཁུལ་གྱི་ཡུས་ཧྭ་ཁུལ་གྱིས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཀྱི་རྒྱུན་འཛུགས་འགྲེམས་ཁང་སོགས་ལས་སྟེགས་ལ་བརྟེན་ནས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཟབ་ཏུ་བཏང་བ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་53ཡི་དྲིལ་བསྒྲགས་འགྲེམས་ཚོང་ཡོངས་སུ་ཁྱབ་པ། ཨ་ཧྥེ་རི་ཁའི་སྤུས་རྟགས་མཛོད་ཁང་འདུ་འགོད་ལག་བསྟར་བྱས་པ། 2024ལོར་ཡང་ཤིང་ཏོག་པུའོ་ལུའོ་སོགས་ཨ་ཧྥེ་རི་ཁའི་ཞིང་ལས་བཟའ་བཅའི་ཐོན་རྫས་ནང་འདྲེན་གྱི་སྣ་ཁ་མང་དུ་བཏང་ཡོད།

    ཉེ་ཆར《ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་པའི་སྔོན་སྤེལ་ཁུལ་སྤུས་ཚད་མཐོ་པོས་འཛུགས་སྐྲུན་བྱ་རྒྱུའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག(ཚོད་ལྟའི་ལག་ལེན)》བཀྲམ་ཏེ། ཧུའུ་ནན་ཞིང་ཆེན་གྱིས་སྔོན་སྤེལ་ཁུལ་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐོན་ཁུངས་སྐྱེད་སྲིང་དང་ནང་འདྲེན་བྱས་ནས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཞབས་ཞུའི་མ་ལག་འཛུགས་གཏོད་ཧུར་ཐག་བྱེད་པར་འདེགས་སྐྱོར་བྱས་ཡོད།

    འདི་ལོའི་ཟླ་6པར་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཁྲང་ཧྲ་རུ་འཚོག་རྒྱུ་རེད། ཁེན་ནི་ཡའི་ཚོང་དོན་དང་། མ་འཇོག བཟོ་ལས་བཅས་པུའི་པུའུ་ཀྲང་ལི་པེ་ཁ·སྨི་ཡ་ནུའོ་ཡིས། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཧྥེ་ཀྲུང་གི་གཉིས་ཁེ་གཉིས་ཕན་ལ་རྨང་གཞི་བཏིང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་པ་དེ་བས་ཆེ་ལ་རྒྱུན་མཐུད་འཕེལ་རྒྱས་ཐུབ་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་རོགས་སྐྱོར་ཐུབ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།