དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་གསར་གཏོད་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨེར་ཝེ·ཨ་ཙུའུ་ལའེ།   |     སྤེལ་དུས།  2025-03-04

    ཚན་ཞིབ་ལ་མ་འཇོག་བྱེད་ཤུགས་ཟམ་མི་ཆད་པར་འཕར་བ་དང་། ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཟབ་ཏུ་ཕྱིན་པ་བཅས་དང་བསྟུན་ནས་སྔོན་ཐོན་ཚན་རྩལ་ཁྱབ་ཁོངས་ཀྱི་ཀྲུང་གོའི་སྔོན་ཐོན་གནས་བབ་སྔར་བས་བརྟན་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ལ་ཀྲུང་གོའི་བློ་གྲོས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་ཐུབ་རེ་ཡོད།

    ཉེ་བའི་ལོ་ཤས་རིང་། ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཐད་ཀྲུང་གོར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ནས་གསོན་ཤུགས་ཀྱིས་ཁེངས་ལ། འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་གསར་གཏོད་ཀྱི་ཁོར་ཡུག་མ་ལག་ཅིག་ཉིན་བཞིན་ཆགས་བཞིན་ཡོད། རྒྱལ་ཁབ་འཐབ་ཇུས་ཀྱིས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་རང་བདག་གསར་གཏོད། ཁྲོམ་ར་ཆེན་པོའི་དགོས་མཁོ་བཅས་ཀྱི་ཐུན་མོང་སྐུལ་འདེད་འོག ཀྲུང་གོས་མིས་བཟོས་རིག་ནུས་དང་། 5G གློག་འདྲེན་ཕྱེད་གཟུགས། ནུས་རྒྱུ་གསར་པ་སོགས་སྔོན་ཐོན་ཁྱབ་ཁོངས་སུ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་སྟེ། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་ཁྱབ་ཁོངས་ནང་གནས་བབ་གལ་ཆེན་རིམ་བཞིན་ཆགས་ཡོད།

    ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཚན་རྩལ་གསར་གཏོད་ལྟེ་བར་འཛིན་པའི་སྒུལ་ཤུགས་མཐའ་འཁྱོངས་བྱས་ཏེ་ཚན་རིག་ཞིབ་འཇུག་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་གི་ཡོད། 2024ལོར་ཀྲུང་གོས་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་ལ་འགྲོ་གྲོན་གཏོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་3.6ལས་བརྒལ་བ་དེ་ལོ་གོང་མ་ལས་8.3%འཕར་བ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་2.68%ཟིན་ཡོད། ཀྲུང་གོ་སྲིད་གཞུང་གིས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཐོན་ལས་ཐེབས་རྩ་འཛུགས་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་བྱེད་པ། ཁེ་ལས་ཀྱི་རང་བདག་ཞིབ་སྤེལ་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་ཚན་རྩལ་ཐོན་ལས་འཁོར་འབྲེལ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། པེ་ཅིང་དང་། ཧྲང་ཧའེ། ཧང་ཀྲོའུ། ཧྲེན་ཀྲེན་སོགས་ཀྱི་གྲོང་ཁྱེར་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་ལྟེ་བའི་འགག་གནད་དུ་གྱུར་ནས་ཤེས་ལྡན་མི་སྣ་མང་པོ་དང་མ་རྩ་འབོར་ཆེན་འདུས་ཏེ། རྨང་གཞིའི་ཞིབ་འཇུག་ནས་ལག་རྩལ་ལག་བསྟར་བར་གྱི་ཐོན་ལས་ཁྱུ་ཚོགས་ཆ་ཚང་པོ་ཞིག་ཆགས་ཡོད།

    ཀྲུང་གོར་མི་འབོར་དུང་ཕྱུར་14ལྷག་ཙམ་དང་དྲ་སྦྲེལ་སྤྱོད་མཁན་དུང་ཕྱུར་11ལྷག་ཙམ་ཡོད་པས་གོ་ལ་ཧྲིལ་པོའི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཚན་རྩལ་ཁྲོམ་ར་ཞིག་གྲུབ་ནས་ལག་རྩལ་གསར་པ་བཀོལ་སྤྱོད་དང་ཁྱབ་གདལ་གཏོང་རྒྱུར་བར་མཐོངས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། ཀྲུང་གོར་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཞིག་དུས་ཡུན་ཐུང་ངུའི་ནང་ཐོན་ལས་ཅན་དུ་འགྱུར་ཐུབ་པ་མ་ཟད། གོ་ལ་ཧྲིལ་པོའི་ཁྲོམ་རར་ཁྱབ་གདལ་མགྱོགས་མྱུར་བཏང་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོས་གསར་གཏོད་ཀྱི་ཁོར་ཡུག་མུ་མཐུད་ལེགས་སུ་དང་གསར་གཏོད་ཀྱི་གྲུབ་འབྲས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། 2021ལོའི་ཟླ་6པར་གསར་དུ་བཟོ་བཅོས་བརྒྱབ་པའི་ཁེ་བེད་བཅའ་ཁྲིམས་ལག་བསྟར་བྱས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ཡོད། ཆེད་མངགས་བཙུགས་པའི་ཤེས་བྱའི་བདག་དབང་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གྱོད་གཞིའི་འདྲི་གཅོད་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་ཕྱིན་ཞིང་། མིག་སྔར་མིས་བཟོས་རིག་ནུས་དང་བསྐྱར་སྐྱེས་ནུས་རྒྱུ་སོགས་སྔོན་ཐོན་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད།

    གོ་ལ་ཧྲིལ་པོའི་འཕར་ཚད་མགྱོགས་ཤོས་ཀྱི་ཚན་རྩལ་ཁྲོམ་རའི་གྲས་ཤིག་ཡིན་པའི་ཀྲུང་གོས་རྒྱལ་ཁབ་ཁག་གི་ཁེ་ལས་མཁས་ཅན་དང་གསར་གཏོད་ལས་གཏོད་བྱེད་མཁན་ལ་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་མཁོ་འདོན་བྱས་པ་མ་ཟད། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་གོ་སྐབས་སྦྱིན་ཡོད། ཀྲུང་གོའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཀྲུང་གོའི་ས་གནས་ཀྱི་ཁེ་ལས་དབར་མཉམ་ལས་གཏིང་ཟབ་བྱེད་པ་སོགས་བརྒྱུད་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་འཚར་ལོངས་མྱུར་པོ་དང་ཚད་བརྒལ་ཡོང་བའི་གོ་སྐབས་བྱུང་བ་མ་ཟད། ཀྲུང་གོར་ཐོབ་པའི་གསར་གཏོད་ཀྱི་གྲུབ་འབྲས་གོ་ལ་ཧྲིལ་པོར་ཁྱབ་གདལ་ཡང་གཏོང་ཐུབ་རྒྱུ་རེད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་ཁྱབ་ཁོངས་ནང་ཀྲུང་གོས་གལ་འགངས་དེ་བས་ཆེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞིང་། ཚན་རིག་ཞིབ་འཇུག་ལ་མ་འཇོག་བྱེད་ཚད་རྒྱུན་མཐུད་འཕར་བ་དང་། ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཟབ་ཏུ་ཕྱིན་པ་བཅས་དང་བསྟུན་ནས། ཚན་རྩལ་གསར་ཤོས་ཁྱབ་ཁོངས་ཀྱི་ཀྲུང་གོའི་སྔོན་ཐོན་གནས་བབ་སྔར་བས་བརྟན་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ལ་ཀྲུང་གོའི་བློ་གྲོས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་ཐུབ་རེ་ཡོད།

    (རྩོམ་པ་པོ་ནི་ཧྥ་རན་སེའི་དར་གོས་ལམ་བུའི་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་། AA&Wའཐབ་ཇུས་བློ་འདོན་ཚོགས་པའི་ཙུང་ཚའེ་གཞོན་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།