དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྔོ་ཚལ་འདེབས་འཛུགས་ལ་ཚན་རྩལ་གྱིས་རམ་འདེགས་བྱས་པ།

    —— ལྷ་སའི་རིག་ནུས་ཅན་གྱི་དྲོད་ཁང་ཆེན་པོས་གྲོང་མི་མང་ཚོགས་ཀྱི་སྐྱིད་སྣང་སྔར་བས་དོད་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-04

    འདི་ནི་ལས་དོན་པས་སུར་པན་འགྱིག་ཁུག་ནང་བླུག་བཞིན་པ།

    འདི་ནི་ལས་དོན་པས་སུར་པན་བཀོག་བཞིན་པ།

    དྲོད་ཚད་ཆག་པ་དང་བསྟུན་ནས་སྔོ་ཚལ་ཁྲོམ་རའི་དགོས་མཁོ་ཆེ་རུ་ཕྱིན་ཡོད། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ས་གཙང་ཐོན་ལས་གླིང་གིས་སྔོ་ཚལ་བསྡུ་ལེན་དང་བླུགས་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་ཐོག་ཚོང་ཁང་ཆེ་གྲས་དང་ཞིང་ཟོག་ཁྲོམ་ར་ཁག་ཏུ་བསྐྱལ་ནས་གྲོང་མིའི་དགུན་དུས་ཀྱི་ཤ་ཚལ་སྒོང་གསུམ་ཕུན་སུམ་ཚོགས་སུ་བཏང་བ་རེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ས་གཙང་ཐོན་ལས་གླིང་གི་འགན་འཁུར་བ་བསྟན་འཛིན་ཆོས་གྲགས་ཀྱིས། “རིག་ནུས་ཅན་གྱི་དྲོད་ཁང་གིས་སྔོ་ཚལ་སྐྱེ་འཚར་གྱི་ཁོར་ཡུག་ལེགས་སུ་བཏང་སྟེ་ཐོན་འབབ་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས། ད་ཆ་སྔོ་ཚལ་རིགས་མང་པོ་ཞིག་དྲོད་ཁང་ནང་དུ་གྲུབ་འབྲས་ཐོབ་པའི་ངང་འདེབས་འཛུགས་ཐུབ་ནས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ལྷ་སར་དགུན་དུས་སྔོ་ཚལ་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་ཐུབ་ཡོད”ཅེས་བཤད།

    ཐོན་སྐྱེད་བརྟན་ལ་གོ་རིམ་ལྡན་པ། དགུན་དུས་དྲོད་ཁང་ཆེན་པོའི་སྔོ་ཚལ་སྐྱེ་འཚར་ཡག་པོ་ཡོད་པ།

    ལྷ་སར་རིམ་བཞིན་དགུན་ཁ་སླེབས་པ་དང་བསྟུན་ནས་གླིང་དེའི་ཡུག་འབྲེལ་དྲོད་ཁང་ཆེན་པོར་དགུན་ཁའི་དྲོ་འཇམ་ཉི་འོད་འོག་རེ་བས་ཁེངས་པའི“ཤ་ཚལ་སྒོང་གསུམ”དང་འདྲ་བར་དགུན་དུས་ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་གི་ཡོད། སྔོ་ཚལ་དྲོད་ཁང་དུ་འཛུལ་ཚེ་སྔོ་ཐིང་ངེར་གནས་པའི་ཧོང་ཀྭ་དང་། ཀྲོ་མ་ཀྲུ། སྲོ་ལོ་སྔོན་པོ་སོགས་སྔོ་ཚལ་སྣ་ཚོགས་ལེགས་པར་སྨིན་ནས་མིག་སྔར་དྲོད་ཁང་ཆེན་པོའི་སྲོ་ལོ་སྔོན་པོ་བཀོག་པའི་དུས་ལ་སླེབས་ཡོད་པ་རེད། བསྟན་འཛིན་ཆོས་གྲགས་ཀྱི་མཛུབ་ཁྲིད་འོག་ལས་དོན་པས་གང་མགྱོགས་བཀོག་ཚར་ནས་ཐུམ་སྒྲིལ་དང་ལྗིད་ཚད་འཇལ་རྗེས་སྲོ་ལོ་སྔོན་པོ་འགྱིག་ཁུག་37གྲལ་བསྒྲིགས་ཏེ་དབོར་འདྲེན་རླངས་འཁོར་ཡོང་བར་བསྒུགས་ཡོད་པ་རེད།

    བསྟན་འཛིན་ཆོས་གྲགས་ཀྱིས། ཉེ་བའི་ལོ་གཉིས་རིང་གླིང་དེས་ཆུ་འབུད་ཆུ་འདྲེན་མ་ལག་དང་སྔོ་ཚལ་ཐོན་སྐྱེད་སྒྲིག་བཀོད་སོགས་ནང་འདྲེན་བྱས་པའི་ཁར། ད་དུང་སྔོ་ཚལ་སྤུས་ལེགས་རིགས་དང་ནུས་ཆེའི་བདེ་འཇགས་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ཏེ་སྔོ་ཚལ་གྱི་སྤུས་ཚད་དང་ཐོན་འབབ་ཆེས་ཆེར་མཐོ་རུ་བཏང་ཡོད། “མིག་སྔར། ང་ཚོའི་ཡུག་ཁུལ་འདིར་ཁྱོན་དྲོད་ཁང་800ལྷག་ཙམ་ཡོད་པར་སུར་པན་དང་། ཧོང་ཀྭ ཚལ་ཀྭ ཀྲོ་མ་ཀྲུ་སོགས་སྔོ་ཚལ་རིགས་སྣ་ཁ་20ལྷག་བཏབ་ནས་མང་ཆེ་བ་ལྷ་སའི་སྔོ་ཚལ་སྡེབ་ཚོང་ཁྲོམ་རར་བསྐྱལ་རྗེས་ཡང་སྡེབ་ཚོང་ཚོང་པས་དེ་ག་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ལ་ཚོང་གི་ཡོད”ཅེས་ངོ་སྤྲོད་བྱས།

    རིག་ལྡན་འཕྲུལ་ཆས་བསྒར་བ། ཚན་རྩལ་ལ་བརྟེན་ནས་དྲོད་ཁང་ཆེན་པོར་དོ་དམ་ཞིབ་ཚགས་བྱེད་པར་རམ་འདེགས་བྱས་པ།

    སྔོ་ཚལ་གྱི་སྤུས་ཚད་དང་ཐོན་འབབ་འགན་ལེན་བྱ་ཆེད། གླིང་དེས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་དང་དོ་དམ་བྱེད་སྟངས་སྤྱད་དེ་དྲོད་ཁང་གི་དྲོད་ཚད་དང་། འོད་འཕྲོ། རླུང་འགྲོ་སོགས་ཚོད་འཛིན་ནན་པོ་དང་དོ་དམ་ཞིབ་ཚགས་བྱས་ནས་སྔོ་ཚལ་ཁོར་ཡུག་ཡག་ཤོས་ནང་སྐྱེ་འཚར་ཡོང་བའི་འགན་ལེན་བྱས་པ་རེད། གསར་འགོད་པ་དྲོད་ཁང་གཞན་ཞིག་གི་ནང་འཛུལ་སྐབས། དེ་ནི་དྲོད་ཁང་གཞན་དག་དང་མི་འདྲ་བར་ཀྲོ་མ་ཀྲུ་ཚང་མ་ས་མེད་འདེབས་འཛུགས་བྱས་ཡོད་པ་མ་ཟད། ད་དུང་ཟོག་འབྲེལ་དྲ་རྒྱའི་ལག་རྩལ་སྤྱད་དེ་རྒྱང་རིང་ལྟ་སྐུལ་ཚོད་འཛིན་དང་དོ་དམ་ཐུབ་ཡོད་པས། ལས་དོན་པས་ལག་ཐོགས་ཁ་པར་བརྒྱུད་དྲོད་ཁང་གི་དྲོད་ཚད་དང་། བཞའ་ཚན། འོད་འཕྲོ། རླུང་འགྲོ་སོགས་ལ་ཞིབ་དཔྱད་ཚད་ལེན་དང་ཚོད་འཛིན་བྱས་ཏེ་ཀྲོ་མ་ཀྲུ་སྐྱེ་འཚར་ལ་མཐུན་རྐྱེན་སྐྲུན་ཐུབ་པའི་འགན་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད། གཞན་ཡང་དྲོད་ཁང་དུ་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་སྤྱད་དེ་རྩིས་འཁོར་མ་ལག་བརྒྱུད་འཚོ་བཅུད་གཤེར་ཁུ་སྡེབ་སྦྱོར་དང་མཁོ་སྤྲོད་བྱེད་ཚད་རང་འགུལ་ངང་སྙོམས་སྒྲིག་བྱས་པས་ཆུ་འདྲེན་གནད་ལ་འཁེལ་པོ་བྱུང་སྟེ། ལུད་སིམ་ཚད་ལེགས་སུ་ནུས་ལྡན་ཕྱིན་ནས་ཀྲོ་མ་ཀྲུ་དེ་བས་སྐྱེ་འཚར་ཡག་པོ་བྱུང་ཡོད་པ་རེད།

    བོད་དང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་གནམ་གཤིས་ཆ་རྐྱེན་མི་འདྲ་བའི་དབང་གིས་སྔོ་ཚལ་འདེབས་པར་ཡུལ་བབ་དང་བསྟུན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡོད། བསྟན་འཛིན་ཆོས་གྲགས་ཀྱིས་གསར་འགོད་པར། དེ་སྔ་དགུན་ཁ་ཤར་སྐབས་ལྷ་ས་རང་གི་སྔོ་ཚལ་ཐོན་འབབ་ཉུང་དུ་འགྲོ་བ་མ་ཟད། ཚ་ཁུལ་གྱི་སྔོ་ཚལ་མང་པོ་འདེབས་ཐབས་མེད་པས། དགུན་དུས་སྔོ་ཚལ་ཁག་གཅིག་ས་ཆ་གཞན་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད་ཅེས་བཤད་བྱུང་།

    ཞིབ་དཔྱད་ཚད་ལེན་གྱི་འགག་སྒོ་ནན་པོ་བསྲུངས་པ། མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་བྱས་པ།

    “ཟས་ནི་མི་ཡི་འཚོ་རྟེན་ཡིན། ཟས་ཀྱི་གཙོ་བོ་བདེ་འཇགས་ཡིན”ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་བདེ་འཇགས་ཞིབ་དཔྱད་ཚད་ལེན་བྱེད་པ་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་ལས་དོན་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། སུར་པན་འདེབས་འཛུགས་དྲོད་ཁང་ཆེན་པོའི་ནང་གསར་འགོད་པས་ཞིབ་ཕྲ་བལྟས་པ་བརྒྱུད་སུར་པན་གྱི་སྡོང་རྐང་མི་ཉུང་བ་ཞིག་གི་ལོ་མ་མཉེན་པོ་ཆགས་ནས་འབུ་བརྒྱབ་ཡོད་པ་མཐོང་བྱུང་། བསྟན་འཛིན་ཆོས་གྲགས་ཀྱིས་གསར་འགོད་པར། མིག་སྔར་གླིང་དེས་ལྗང་མདོག་དང་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་སྨན་ཉུང་དུ་གཏོང་གང་ཐུབ་བྱས་ནས་ཐོན་རྫས་ལྗང་མདོག་བཟའ་བཅའི་ཚད་གཞིར་སླེབས་པའི་འགན་ལེན་བྱེད་བཞིན་ཡོད་ཅེས་བཤད་བྱུང་། “སྔོ་ཚལ་འདེབས་པའི་བརྒྱུད་རིམ་ནང་ང་ཚོས་དུས་བཀག་ལྟར་ནད་འབུ་འགོག་བཅོས་བྱེད་པ་དང་། སྐྱེ་དངོས་འགོག་བཅོས་དང་དངོས་ཁམས་འགོག་བཅོས་ཟུང་འབྲེལ་གྱིས་རྫས་འགྱུར་ཞིང་སྨན་སྤྱོད་ཉུང་དུ་གཏོང་བ། ཞིང་སྨན་ལྷག་མ་ཚོད་འཛིན་ནན་པོ་བཅས་བྱས་ཏེ་སྔོ་ཚལ་བདེ་འཇགས་དང་གནོད་མེད་ཡོང་བར་བྱས་ནས་གྲོང་མི་རྣམས་བློ་བདེ་པོའི་ངང་ཟ་ཐུབ་པར་བྱེད་ཀྱི་ཡོད”ཅེས་བསྟན་འཛིན་ཆོས་གྲགས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།