དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ།

    “ཐོན་ལས་ཀྱི་བསམ་ཇུས”ཡག་པོ་བཀོད་ནས“དམངས་ཕྱུག་ལམ་བུར”ཡག་པོ་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-04

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟག་རྩེ་ཆུས་ཀྱི་འབྲེལ་མཚམས་སུ་གནས་པའི་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོ་ནི་ཁྲེང་ཀོན་ཆུས་ཀྱི་ཤར་སྒོ་ཡིན་པ་དང་། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་97ཡོད་པ། གྲོང་མིའི་ཚོགས་ཆུང་8དང་དུད་ཚང་2642ཀྱི་མི་5458ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། དཔལ་སྡིངས་གྲོང་ཚོས་ས་བབ་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་དང་སྤྲོ་གསེང་གྲོང་ཚོ་སོགས་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ནས་2018ལོར་ཞིང་ལས་གྲོང་གསེབ་པུའུ་ཡིས“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”ཏུ་འོས་སྦྱོར་བྱས་པ་རེད།

    ཞིང་འབྲོག་པའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། དཔལ་སྡིངས་གྲོང་ཚོས་མི་སྒེར་དང་ཁེ་ལས་ལ་ཕྱོགས་ནས་སྨི་ངོས་གྲུ་3000ལྷག་ཙམ་ཡོད་པའི་གྲོང་ཚོའི་མཉམ་སྡེབ་ཚོང་ཁང་བོགས་མར་བཏང་བ་མ་ཟད། ལེ་ཧ་སྤུས་ལེགས་ཚོང་ལས་དོ་དམ་ཚད་ཡོད་ཀུང་སི་བཙུགས་པ་རེད། མིག་སྔར་ཚོང་ཁང་བོགས་མར་ལེན་མཁན་དུད་ཚང་13ཡོད་པ་དང་སྔོན་དཔག་བྱས་ན་ལོ་རེར་ཡོང་འབབ་སྒོར་ཁྲི་190ཟིན་ཡོད། དེའི་ནང་ནས་མཉམ་སྤྱོད་གློག་འཁོར་ཚོང་ཁང་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་40ཟིན་ཡོད།

    མིག་སྔར། དཔལ་སྡིངས་གྲོང་ཚོའི་ལུང་ཤུར་གཉིས(ཀྲི་དང་ཞལ)ལ་གླིང་ག་520ཙམ་ཡོད་པར་ལོར་ཁྱོན་ཡོང་འབབ་སྒོར་ཁྲི་572.2ཟིན་ནས་རིམ་རྩིས་བརྒྱབ་ན་མི་500ལྷག་ཙམ་ལས་ཞུགས་ཐུབ་ཡོད། ལོར་ཡུལ་སྐོར་བ་དང་སྤྲོ་གསེང་གཏོང་མཁན་མི་ཐེངས་ཁྲི་3.7ཙམ་ལ་སྣེ་ལེན་ཞུས་ཡོད།

    “སྔོན་ཆད་འདི་གའི་ཁོར་ཡུག་ཧ་ཅང་ཞན་པ་དང་ལྷག་པར་དུ་གང་སར་འབུད་ཤིང་སྤུངས་ནས་གྲོང་ཚོ་ཟང་ཟིང་ཆེན་པོ་ཡོད། རྒྱུན་ཆད་མེད་པར་བཅོས་སྒྲིག་བྱས་པས་ད་ཆ་གྲོང་ཚོའི་ལམ་གཙང་ལ་གྲལ་སྒྲིག་པ་དང་ཁང་པའི་རྒྱབ་མདུན་གོ་རིམ་ལྡན་པར་འགྱུར་བས། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་དཔལ་སྡིངས་གྲོང་ཚོར་ལོ་མང་འཚོ་བ་སྐྱེལ་མྱོང་བའི་སྒྲོལ་མས་མྱོང་ཚོར་ཟབ་མོས་བཤད། ཉེ་བའི་ལོ་ཤས་རིང་། མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་ཆེད། དཔལ་སྡིངས་གྲོང་ཚོས་བྱ་ཐབས་སྣ་ཚོགས་སྤྱད་དེ་རྒྱུན་གཏན་ནས་གཙང་སྦྲ་བྱེད་པའི་བྱ་སྤྱོད་དང་སྔོ་འགྱུར་མཛེས་བཟོའི་ལས་དོན་སྤེལ་བ་མ་ཟད། ད་དུང་གྲོང་གསེབ་ཀྱི་གད་སྙིགས་གཙང་བཟོ་དང་། བཙོག་ཆུ་གཙང་གསིང་། གསང་སྤྱོད་གསར་བརྗེ་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།