དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་དར་བསྒྲེངས་ནས་མདུན་དུ་བསྐྱོད། གྲོང་གསེབ་དར་རྒྱས་ལེའུ་གསར་བརྩམས།

    —— མངའ་རིས་ས་ཁུལ་གྱི་2024ལོའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱིར་མིག་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-04

    འདི་ནི་མངའ་རིས་ས་ཁུལ་གྱི་གྲོང་ཚོའི(སྡེ་ཁུལ)རྐང་འཛིན་པས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཀྲེང་ཏིང་རྫོང་ཐ་ཡོན་ཀྲོང་གྲོང་ཚོར་ལྟ་སྐོར་དང་སློབ་སྦྱོང་བྱེད་བཞིན་པ།

    འདི་ནི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོའི་མཉམ་ལས་ཁང་དུ་བགོ་འགྲེམས་རྒྱག་བཞིན་པ།

    དགུན་དུས་ཀྱི་མངའ་རིས་གྲང་ངར་ཆེ་རུང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོའི་ཏང་ཡོན་བྱེད་སྒོ་ཁང་དུ་སྤྲོ་སྣང་དང་འཁྲུག་ཆ་དོད་ཡོད་པ་དེ་ནི་དེ་གར་གྲོང་ཚོའི་ལོ་མཇུག་གི་བགོ་འགྲེམས་རྒྱག་པའི་ཚོགས་ཆེན་འཚོག་བཞིན་ཡོད་པས་རེད། གྲོང་ཚོའི་མཉམ་ལས་ཁང་གི་ཅིང་ལི་བློ་བཟང་ཟླ་བས་ཐོག་མར་མང་ཚོགས་ལ་མཉམ་ལས་ཁང་གི་2024ལོའི་གཉེར་སྐྱོང་དང་ཁེ་བཟང་གི་གནས་ཚུལ་ངོ་སྤྲོད་བྱས་པ་དང་དེ་རྗེས་གྲོང་མིས་མ་རྐང་ག་ཚོད་བཞག་པ་གཞིར་བཟུང་དུད་ཚང་རེ་རེ་བཞིན་ལ་ཁེ་སྤོགས་བགོས་པ་རེད།

    “ད་ཐེངས་ཁྱོན་ཁེ་སྤོགས་སྒོར་ཁྲི་416བགོས་པར་མི་རེར་ཆ་སྙོམས་སྒོར་12671བྱུང་ནས་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ཚང་མར་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་དེ་བས་མཐོང་དུ་བཅུག་ཡོད”ཅེས་བློ་བཟང་ཟླ་བས་ངོ་སྤྲོད་བྱས།

    ཏང་འཛུགས་སྐྱོང་དཔུང་ཁག་གི་དམག་ཧྲག་བཏོད་པ།

    གྲོང་ཚོའི(སྡེ་ཁུལ)རྐང་འཛིན་པའི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་ཆེད། 2024ལོའི་ཟླ་5ཚེས་27ཉིན་མངའ་རིས་ས་ཁུལ་གྱིས་གྲོང་ཚོའི(སྡེ་ཁུལ)རྐང་འཛིན་པ་18ཧྲའན་ཤིས་དང་ཧོ་པེ་ཞིང་ཆེན་དུ་བཏང་ནས་དུས་ཡུན་ཉིན་20ཡི“གནས་སྡོད་རྣམ་པའི”གསོ་སྦྱོང་བྱས་པ་རེད།

    འདས་ཟིན་པའི་ལོ་གཅིག་ནང་། མངའ་རིས་ས་ཁུལ་གྱིས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སྔ་རྗེས་སུ་གྲོང་ཚོའི(སྡེ་ཁུལ)རྐང་འཛིན་པ་36ཁག་2ལ་བགོས་ནས་ཧྲའན་ཤིས་དང་ཧོ་པེ་ཞིང་ཆེན་གྱི་སྔོན་ཐོན་དཔེ་མཚོན་གྲོང་ཚོར(སྡེ་ཁུལ)“གནས་སྡོད་རྣམ་པའི”གསོ་སྦྱོང་ལ་བཏང་བ་དང་མངའ་རིས་ས་ཁུལ་ལས་རིགས་སློབ་གྲྭས་གྲོང་ཚོའི(སྡེ་ཁུལ)རྐང་འཛིན་པ་67སྐབས་3ལ་བགོས་ནས་དུས་ཡུན་ལོ་གཉིས་ཀྱི་སློབ་རྒྱུས་མཐོར་གཏོང་གི་འདུ་འགོད་ལག་བསྟར་བྱས་པས། གྲོང་ཚོའི་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་ཕྱིན་ཡོད་པ་རེད།

    རུ་ཐོག་དང་རྩྭ་མདའ་རྫོང་དུ་ཏང་རྩ་འཛུགས་12གསར་དུ་བཙུགས་པ་དང་ཚན་ཁག་གི་ཁོངས་མི་62འདེམས་བསྐོ་བྱས་པ་རེད། 2024ལོར། ས་ཁུལ་ཡོངས་སུ་ཏང་རྩ་འཛུགས་དཀྱུས་མ་153སྔོན་ཐོན་ཏང་རྩ་འཛུགས་སུ་རིམ་པ་སྤར་བ་དང་རྗེས་ལུས་ཏང་རྩ་འཛུགས་136ཏང་རྩ་འཛུགས་དཀྱུས་མར་རིམ་པ་སྤར་བ་རེད།

    གཞི་རིམ་བཅོས་སྐྱོང་གི་ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་བ།

    “སྤོ་བོ་ལགས། ང་ཁྱེད་རང་ལ་བལྟ་བར་ཡོང་བ་ཡིན”གྲོང་ཚོའི་སྤོ་བོ་སྲི་ཆོད་ལ་བལྟ་བར་འགྲོ་རིམ་བཞིན་སྤུ་ཧྲེང་རྫོང་ཧོར་ཤང་སྤང་རི་གྲོང་ཚོའི་དྲ་མིག་དང་པོའི་ཡུག་ཁུལ་དང་པོའི་དྲ་མིག་པ་མཚོ་སྐྱིད་ཀྱིས་སྒོ་འཛུལ་སྐབས་སེམས་རྩྭ་འཁོལ་པོས་འདི་ལྟར་བརྗོད་ཀྱི་ཡོད།

    སྲི་ཆོད་གཅིག་པོར་སྡོད་སྟབས་འགྲམ་དུ་ལྟ་རྟོག་བྱེད་མཁན་མེད་པས། མཚོ་སྐྱིད་ཀྱིས་ཁོམ་པ་ཡོད་རིམ་བཞིན་ཁོང་ལ་ལྟ་རྟོག་བྱེད་པར་འགྲོ་གི་ཡོད། ཐེངས་གཅིག་སྤོ་བོ་སྲི་ཆོད་ལ་ཁ་ལག་སྐྱེལ་བར་འགྲོ་སྐབས། ཁོང་གིས་རྒྱུན་སྤྱོད་སྨན་རྫོགས་པ་ཤེས་རྗེས། འཕྲལ་མར་སྨན་ཚོང་ཁང་ནས་སྤོ་བོ་ལགས་ལ་སྨན་ཉོས་ཏེ་དུས་ཐོག་ཏུ་སྨན་གཏོང་རྒྱུ་ཡོད་པ་བྱས་པ་རེད།

    དྲ་མིག་ཡུག་ཁུལ་གྱི་སྲུང་སྐྱོང་བ་མཚོ་སྐྱིད་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱིར་བཏང་གི་ལས་གནས་སུ་རང་ནུས་ཡོད་རྒུ་བཏོན་ནས་དྲ་མིག་ཁུལ་ཡོངས་སུ་བསྐྱོད་པ་དང་། ཞབས་འདེགས་ཧུར་ཐག་ཞུས་ཏེ་དམངས་སེམས་གཅིག་ཏུ་སྒྲིལ་བ། འགན་འཁྲིར་བརྟེན་ནས་བདེ་འཇགས་སྲུང་བ་བཅས་བྱས་པས་ཡུལ་མི་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།

    2024ལོར། མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་འགོ་ཁྲིད་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དྲ་མིག་ཏང་རྩ་འཛུགས་མུ་མཐུད་ལེགས་སུ་བཏང་ནས་དྲ་མིག་ཏང་རྩ་འཛུགས་461འཛུགས་པ་དང་། ཏང་གི་ཚོགས་ཆུང་709འཛུགས་པ། དྲ་མིག་པ་483བཀོད་སྒྲིག་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བར“གསར་བརྗེའི་སྒུལ་ནུས”བསྣན་པ་རེད།

    གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ།

    ཉེ་ཆར་གསར་འགོད་པས་མངའ་རིས་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་ཡུལ་ཆེ་ཤོས་ཏེ། སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་ཁུལ་གསར་དུ་འཚམས་འདྲི་བྱས་ཤིང་། ད་ཆ་དེ་གར་མངའ་རིས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་ཚད་ཤིང་དང་། ཕྱུག་འགྱུར་འབབ་འཕར་གྱི་དཔེ་མཚོན། བདེ་སྡོད་ལས་བརྩོན་གྱི་གསོན་ཉམས་ལྡན་པའི་མིག་དཔེ་བཅས་སུ་གྱུར་ཡོད།

    “2024ལོར་སྡེ་ཁུལ་གྱི་ཚོང་ཁང་བོགས་མར་གཏོང་བའི་རྣམ་གྲངས་གཅིག་ཁོ་ན་ནས་ཁེ་བཟང་སྒོར་ཁྲི་200བྱུང་ཡོད”ཅེས་བདེ་སྐྱིད་ཁུལ་གསར་ནས་གྲོང་ཚོར་ལས་འགན་འཁུར་བར་བསྐྱོད་པའི་ཝང་ལེ་ཡིས་ངོ་སྤྲོད་བྱས།

    2024ལོར། མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། 《མངའ་རིས་ས་ཁུལ་གྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལམ་ལུགས་ཕྱོགས་བསྒྲིགས》རྩོམ་སྒྲིག་པར་འདེབས་བྱས་པ་དང་། 《2024ལོའི་མངའ་རིས་ས་ཁུལ་གྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཇུས་གཞི》བཟོས་ཏེ། མཉམ་སྡེབ་དཔལ་འབྱོར་ལ་རོགས་སྐྱོར་དང་དེ་སྟོབས་ཆེར་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ནས་གྲོང་ཚོ(སྡེ་ཁུལ)147གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་ཕན་འབྲས་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པར་རོགས་སྐྱོར་དང་འཕེལ་རྒྱས་གཏོང་བའི་མ་དངུལ་སྒོར་ཁྲི་196བརྩོན་ལེན་བྱ་རྒྱུའི་རེ་འདུན་ཞུས་པ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པའི་རྣམ་གྲངས་28ལ་གཙོ་གནད་ཐོག་རོགས་སྐྱོར་དང་འཕེལ་རྒྱས་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།