“ཆེད་ལས་ཨ་མ”ཉི་མ་སྒྲོལ་དཀར་གྱིས།
བརྩེ་སེམས་ཟབ་མོ་བཅངས་ནས་བྱིས་པར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་བསྐྲུན་པ།
ལྷ་སའི་SOSབྱིས་པའི་གྲོང་དུ་རླབས་ཆེ་བའི་བུད་མེད་དཀྱུས་མ་ཞིག་ཡོད་ཅིང་། ཁོང་གིས་སྐྱེད་མའི་ལྷད་མེད་ཀྱི་བྱམས་བརྩེར་བརྟེན་ནས་ཆགས་ས་བརྟེན་ས་མེད་པའི་ཕྲུ་གུ་མང་དག་ཅིག་ལ་དྲོ་སྐྱིད་སྦྱིན་བཞིན་ཡོད། ཁོང་ནི“ཆེད་ལས་ཨ་མ”ཉི་མ་སྒྲོལ་དཀར་རེད།
2000ལོའི་ཟླ་9པར་བྱིས་པའི་གྲོང་དུ་སླེབས་པ་ནས་བཟུང་། ཉི་མ་སྒྲོལ་དཀར་གྱིས་བྱམས་བརྩེ་དང་སེམས་ནུས་ཡོད་ཚད་ཁྲག་རྒྱུད་ཀྱི་འབྲེལ་བ་གང་ཡང་མེད་པའི་ཕྲུ་གུ་དེ་དག་ལ་བཏོན་ཡོད། མི་ལོ་24ཡི་རིང་ཁོང་གིས་སྔ་རྗེས་སུ་དྭ་ཕྲུག་17ལ་ལྟ་སྐྱོང་བྱས་པ་དང་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཁོང་ཚོ་བྱམས་ཀྱིས་བསྐྱངས་ཡོད།
ཕྲུ་གུར་ལྟ་རྟོག་བྱ་རྒྱུ་དེ་ཉི་མ་སྒྲོལ་དཀར་ལ་མཚོན་ན་འགན་འཁྲི་ཡིན་ལ་བདེ་སྐྱིད་ཅིག་དེ་བས་ཀྱང་ཡིན། ཁོང་གིས་ཕྲུ་གུ་ཚང་མ་ནི་བྱམས་ཀྱིས་སྐྱོང་དགོས་པའི་ས་བོན་དང་འདྲ་བར། གཅེས་སྐྱོང་དང་ངང་རྒྱུད་རིང་པོ་བྱས་ཚེ་གཞི་ནས་ཁོང་ཚོ་འཚར་ལོངས་ཡག་པོ་ཡོང་ཐུབ་པ་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན། ལོ་ན་ཕྲ་བའི་ཕྲུ་གུའི་ཟས་གོས་སྡོད་གསུམ་ཡིན་ནའང་འདྲ། ཡང་ན་ལང་ཚོ་དར་དུས་ཀྱི་ཕྲུ་གུའི་སེམས་ཁམས་ཟུར་ཁྲིད་གང་ཡིན་རུང་ཁོང་གིས་སེམས་ནུས་ཡོད་རྒུ་བཏོན་ཡོད།
དེ་སྔ་ངོ་གདོང་ནག་ཅིང་ཤ་རིད་ལ་ལུས་ཟུངས་ཞན་པ་དང་ནད་གཞི་མང་བའི་བུ་མོ་ཕུར་སྒྲོན་ནི་ཉི་མ་སྒྲོལ་དཀར་གྱིས་སེམས་ནུས་མང་ཤོས་བཏོན་པའི་ཕྲུ་གུ་གཅིག་རེད། བུ་མོ་ཕུར་སྒྲོན་ན་སྐབས་ཉི་མ་སྒྲོལ་དཀར་གྱིས་མཚན་གང་ནད་ཁྲིའི་མདུན་དུ་བསྡད་ནས་ཨ་ཅོར་རློན་པས་ཁོ་མོའི་ཚ་བ་འཇགས་ཐབས་བྱེད་ཀྱི་ཡོད། ཁོང་གིས་ལྟ་སྐྱོང་ཞིབ་ཚགས་བྱས་པས་བུ་མོ་ཕུར་སྒྲོན་དྲག་སྐྱེད་བྱུང་ཞིང་། ཁོང་གཉིས་བརྩེ་བ་ཟབ་མོ་ཆགས་ཡོད།
ཁ་ལ་ཉན་པོ་མེད་པའི་བུ་བཀྲ་ཤིས་ལ་ཉི་མ་སྒྲོལ་དཀར་གྱིས་དེ་བས་ཀྱང་སེམས་ནུས་ཧ་ཅང་ཆེན་པོ་བཏོན་ཡོད། ཁོང་གིས་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་རིགས་གཅིག་མཁས་ཅན་ལ་བློ་འདྲི་བྱས་ནས། བུ་བཀྲ་ཤིས་ཀྱི་སེམས་ཁམས་ལ་ཤེས་ཐབས་བྱེད་ཀྱི་ཡོད།
ཁོང་གིས་བུ་བཀྲ་ཤིས་རི་མོ་འབྲི་བར་དགའ་པོ་ཡོད་པ་ཤེས་རྗེས། ཉིན་ལྟར་བུ་བཀྲ་ཤིས་ཀྱི་འཁྲིས་སུ་བསྡད་དེ་རི་མོ་འབྲི་རོགས་དང་སྒྲུང་གཏམ་ཤོད་ཀྱི་ཡོད། རིམ་བཞིན། བུ་བཀྲ་ཤིས་མི་གཞན་དང་འབྲེལ་འདྲིས་བྱེད་འདོད་ཡོད་པར་འགྱུར་བ་མ་ཟད། སྔས་མགོའི་འཁྲིས་སུ་ཨ་མ་དང་ཕྲུ་གུའི་འཛུམ་རིས་དང“ཨ་མ་ལགས། ང་ཁྱེད་རང་ལ་དགའ་པོ་ཡོད”ཅེས་པའི་ཡི་གེའང་བྲིས་ཡོད།
ཉི་མ་སྒྲོལ་དཀར་གྱི་བྱམས་སྐྱོང་ཞིབ་ཚགས་འོག ཕྲུ་གུ་ཚོ་གཟུགས་གཞི་བདེ་ཐང་བྱུང་བ་མ་ཟད། སེམས་ཁམས་ལའང་དྲོ་སྐྱིད་ཚོར་ཡོད། ཕྲུ་གུ་ཚོ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་། བཀའ་དྲིན་ལ་བསམ་ཤེས་དང་དྲིན་ལན་འཇལ་རྒྱུ་ཤེས་ཡོད་ལ། བརྩེ་སེམས་ཀྱི་རིན་ཐང་ཟབ་མོ་ཚོར་ཡོད། ཕྲུ་གུ་ཚོས་ཉི་མ་སྒྲོལ་དཀར་ལ་བསྐུར་བའི་འཕྲིན་ཡིག་ནང་ཁོང་ཚོས“ཨ་མ་ལགས། ཁྱེད་ནི་མི་ཚེའི་ལམ་སྟོན་སྒྲོན་མེ་དང་འདྲ་བར་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་གསལ་སྟོན་གནང་བྱུང”སོགས་བྲིས་ཏེ་ཨ་མའི་བཀའ་དྲིན་བློ་ལ་བཅངས་པ་དང་ཨ་མར་བཅངས་པའི་བརྩེ་དུང་ཐེངས་མང་མཚོན་པར་བྱས་ཡོད།
ཉི་མ་སྒྲོལ་དཀར་གྱིས་ཁོང་གིས་དཀའ་ལས་རྒྱག་པ་དང་ལེགས་སྐྱེས་ཕུལ་བ་དེ་དག་ནི་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཆེད་དུ་ཙམ་མ་ཟད། བརྩེ་དུང་དང་རེ་བ་ཞིག་བརྒྱུད་སྤྲོད་བྱས་པ་དེ་བས་ཀྱང་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད། མི་དེ་བས་མང་བས་བྱིས་པའི་ཕན་བདེའི་བྱ་གཞག་ལ་དོ་ཁུར་བྱས་ཏེ་དྭ་ཕྲུག་དེ་བས་མང་བར་བྱམས་སྐྱོང་དང་རོགས་རམ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ལྷ་ས་SOSབྱིས་པའི་གྲོང་དུ། ཉི་མ་སྒྲོལ་དཀར་གྱིས་བརྩེ་བ་ཟབ་མོས་རང་ཉིད་ལ་དབང་བའི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་རྩོམ་བཞིན་ཡོད། ཁོང་སྐྱེ་བོ་ཕལ་པ་ཞིག་ཡིན་རུང་། རླབས་ཆེ་བའི་སྐྱེད་མའི་བྱམས་བརྩེར་བརྟེན་ནས་ཕྲུ་གུ་ཚང་མའི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་ཁོང་ཚོའི་འབྱུང་འགྱུར་གྱི་ལམ་བུ་གསལ་སྟོན་བྱེད་བཞིན་ཡོད། ཁོང་ནི་ཕྲུ་གུ་ཚོའི་སེམས་ནང་གི་ལྷ་མོ་ཡིན་ལ། འཛམ་གླིང་དེའི་ཐོག་གི་ཆེས་རླབས་ཆེ་བའི་སྐྱེད་མའང་རེད།