ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རིག་གནས་ཀྱི་རྒྱུན་བསྐྱངས་ཏེ་དུས་རབས་ཀྱི་ལེའུ་གསར་བརྩམས།
—— བོད་ལྗོངས་ས་གནས་ཁག་ཏུ་ལོ་རྒྱུས་དང་རིག་གནས་ཀྱི་རྒྱུན་འཛིན་རྩད་འཚོལ་བྱས་པ།
འདི་ནི་ཉིང་ཁྲིའི་ཤུ་པའི་གནའ་བོའི་མཁར་ཚོགས་ཡིན་པ།
འདི་ནི་ཉིང་ཁྲིའི་ཤུ་པའི་གནའ་མཁར་མཛེས་ལྗོངས་ཁུལ་ཡིན་པ།
ཉིང་ཁྲིའི་ཤུ་པའི་གནའ་བོའི་མཁར་ཚོགས་ནས།
རི་ཆུ་བསྲུངས་ཏེ་ངོ་མཚར་གྱི་ལོ་རྒྱུས་བརྗོད་པ།
ཀོང་པོ་རྒྱ་མདའ་རྫོང་དུ་རིག་གནས་ཤུལ་བཞག་ཧ་ཅང་མང་པོ་ཡོད་པའི་ཁྲོད་ནས་ལོ་རྒྱུས་ཡུན་རིང་ལྡན་ཞིང་བརྗིད་ཉམས་དོད་ལ་འགྱིང་ངེར་གནས་པའི་མཁར་རྫོང་དུ་བརྩི་ཆོག་པ་ནི་ལོ་ངོ་སྟོང་གི་ཤུ་པའི་གནའ་མཁར་དེ་ཡིན་པ་སྨོས་ཅི་དགོས།
ཤུ་པའི་ལོ་ངོ་སྟོང་གི་གནའ་མཁར་ལ་མིང་གཞན་དུ་རོང་མཁར་ཟེར་ཞིང་། ད་དུང་མིང་གི་རྣམ་གྲངས་སུ་ཤུ་པའི་གནའ་མཁར་དང་ཤུ་པའི་མཁར་རྫོང་ཡང་འབོད། དེ་ནི་གནའ་སྔ་མོ་དམག་དོན་དུ་སྤྱོད་པ་ཞིག་ཡིན་པར་ད་བར་ལོ་ངོ་1600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པས། ད་ཆ་བོད་དུ་མཐོང་ཆོས་ཀྱི་བྱུང་བ་སྔ་ཤོས་དང་། ལོ་རྒྱུས་རིང་ཤོས། གཞི་ཁྱོན་ཆེ་ཤོས། གྲུབ་ཆ་ཉར་ཚགས་ཆ་ཚང་ཤོས་བཅས་ཀྱི་གནའ་བོའི་རྫོང་མཁར་རིགས་ཀྱི་ཨར་སྐྲུན་དངོས་པོའི་ཚོགས་ཤིག་རེད།
ཤུ་པའི་ལོ་ངོ་སྟོང་གི་མཁར་རྫོང་དེ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་ཤུ་པ་གྲོང་ཚོར་ཡོད་པ་དང་། རྒྱལ་ལམ་318དང་ཉེ་བ་མ་ཟད། ཀོང་པོ་རྒྱ་མདའ་རྫོང་མཁར་ནས་ཧ་ལམ་སྤྱི་ལེ་55དང་ཤར་ཉིང་ཁྲི་གྲོང་ཁུལ་ནས་ཧ་ལམ་སྤྱི་ལེ་75ཡི་སར་གནས་པས། ཉང་ཆུའི་རང་བྱུང་དང་མི་ཆོས་རིག་གནས་ལྗོངས་གཟིགས་ཁུལ་རྒྱུད་ཀྱི་བཀྲག་མདངས་འཚེར་བའི་མུ་ཏིག་ཅིག་དང་མཚུངས།
ཤུ་པའི་གནའ་བོའི་མཁར་ཚོགས་ནི་གནའ་བོའི་འགོག་སྲུང་བྱ་ཐབས་ཀྱི་བཀོད་པ་ཞིག་ཡིན་པ་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བྱས་ནས་བསྟན་ཞིང་། མཁར་རྫོང་ངོས་ཀྱི་ཨི་ཁུང་ནང་ལྕགས་ཐག་བརྒྱུས་ཏེ། བཙན་རྫོང་ཕན་ཚུན་སྦྲེལ་ཐུབ་སྟེ་འགོག་སྲུང་འཛིང་རགས་ཆགས་ནས་དགྲ་བསླུས་དཀྱིལ་ཁྲིད་དང་། འབྲེལ་མཐུད་དམག་འཐབ། མཐོ་སར་བརྟེན་ནས་དམའ་ས་འགོག་པ་བཅས་ཀྱི་ནུས་པ་ཐོན་པ་མ་ཟད། དམག་མིས་མཁར་རྫོང་སྟེང་གི་དཀར་ཁུང་ནས་དགྲ་བོའི་གནས་ཚུལ་ལྟ་ཞིབ་བྱས་ཏེ། དུ་བ་བཏང་ནས་འཐབ་གྲོགས་མདའ་པའི་རོགས་སྐྱོར་བྱེད་པར་ཡོང་དགོས་པའི་བརྡ་གཏོང་ཆོག་པས་མཁར་རྫོང་གི་དམག་དོན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
དུས་ཚོད་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འགྱིང་ངེར་གནས་པའི་གནའ་མཁར་དག་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་ངོས་ནས་སྔ་ས་ནས་གནའ་བོའི་དམག་འཁྲུག་གི་དུ་ཞགས་དང་བྲལ་ཏེ་ཞི་མཐུན་གྱི་གྲོང་སྡེ་དང་ཡུག་སྦྲེལ་གྱི་ཞིང་ཐང་ཁྲོད་གནས་པས། མི་རྣམས་ཀྱིས་ས་གནས་དེ་གའི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་དང་བཟོ་སྐྲུན་གྱི་བརྗིད་ཆགས་ཡིད་འོང་གི་བཀོད་པ་མྱོང་རོལ་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད།
ད་ཆ་ས་གནས་དེ་གའི་མི་རྣམས་ཀྱིས་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཟབ་མོར་བརྟེན་ནས་སྲུང་སྐྱོང་ཁྲོད་ཕན་འབྲས་ཐོན་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐྱེད་ཚལ་གྱི་གྲོང་གསེབ་གཏོད་པ་དང་། རྨང་གཞིའི་སྒྲིག་བཀོད་རིམ་སྤོར། ཡུལ་སྐོར་གྱི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཤུ་པའི་ལོ་ངོ་སྟོང་གི་གནའ་མཁར་དེ་གནའ་བོའི་བཟོ་སྐྲུན་རིག་གནས་སྲུང་སྐྱོང་དང་། རང་བྱུང་མཛེས་ལྗོངས། བོད་ཁྱིམ་དམངས་སྲོལ་སོགས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཏུ་འགྱུར་བས་ཡུལ་སྐོར་བ་དེ་བས་མང་བས་དེར་ལྟ་སྐོར་དང་སྤྲོ་གསེང་ལ་ཡོང་རྒྱུའི་ཡིད་དབང་འགུག་བཞིན་ཡོད།
ལྷོ་ཁ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ།
གནའ་གྲོང་ནས་བཀྲག་མདངས་གསར་པ་འཚེར་བ།
འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་རིག་རྩལ་རུ་ཁག་གིས《བཀྲ་ཤིས་ཞོལ་པ》འཁྲབ་བཞིན་པ།
འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ལམ་འགྲམ་གྱི་ལྷ་མོའི་འབག་གི་མཛེས་རྒྱན་ཡིན་པ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་ཡར་ཀླུང་གཙང་པོའི་ངོགས་སུ་གནས་པ་དང་། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་གྱི་གྲོང་ཚོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྐུལ་འདེད་འོག བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས“ཏང་འཛུགས་སྐྱོང་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས”ཀྱི་འཕེལ་རྒྱས་རྣམ་པ་བརྒྱུད། སྲོལ་རྒྱུན་གྱི་གྲོང་ཚོ་དེ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་དང་སྤྲོ་གསེང་ཁྲོམ་གཞུང་དུ་བསྒྱུར་ཡོད།
འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་གནས་ཚང་ཡིན་པ།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ“ལྷ་མོའི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ལྡན་ཞིང་། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་གྲས་ཀྱི་ཡར་ཀླུང་བཀྲ་ཤིས་ཞོལ་པ་དེ་གར་དར་ཁྱབ་བྱུང་ནས་ལོ་ཧ་ཅང་མང་པོ་སོང་ཡོད། སྡེ་ཁུལ་དུ་སྐྱོད་སྐབས། ལྷ་མོའི་ཁྱད་ཆོས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ནས་མངོན་པ་དང་མངོན་མིན་རིག་གནས་ཤུལ་བཞག་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ལྷ་མོའི་རིག་གནས་ཐོན་ཁུངས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ལེགས་ཆ་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་ལ་བརྟེན་ནས། དམངས་སྲོལ་གནས་ཚང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། “ལྷ་མོའི་གྲོང་ཚོ་དང་པོའི”ཁྱད་ལྡན་དམངས་སྲོལ་གནས་ཚང་ཁྱུ་ཚོགས་བཏོད་ནས། རང་བྱུང་ཁམས་ཀྱི་མཛེས་པ་དང་། རིག་གནས་ཀྱི་མཛེས་པ། དམངས་སྲོལ་གྱི་མཛེས་པ་བཅས་ཀྱིས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད་པ་རེད།
ཡུལ་སྐོར་བར་ཞབས་འདེགས་སྔར་བས་ལེགས་པ་ཞུ་ཆེད། སྡེ་ཁུལ་གྱིས་སྤུས་ལེགས་ཀྱི་དམངས་སྲོལ་གནས་ཚང་དམ་འཛིན་བྱ་གཞིར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་རྒྱུན་གཏན་གྱི་དོ་དམ་ལ་སྤྱི་འདོམས་བྱས་ཏེ། ཉམས་ལེན་གྱི་བྱེད་སྒོ་སྤེལ་བ་མ་ཟད། དྲིལ་བསྒྲགས་བྱེད་སྟངས་ཀྱང་གསར་གཏོད་བྱས་པ་རེད།
འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཁྲོམ་གཞུང་གི་རྣམ་པ་ཡིན་པ།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་གྲོང་གསེབ་ཡུལ་སྐོར་གྱི་དམིགས་ས་གཙོ་བོ་ཞིག་ཡིན་པ་མ་ཟད། རིག་གནས་སྤེལ་རེས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། སྡེ་ཁུལ་གྱིས་སྔ་རྗེས་སུ་ཝུའུ་ཧན་སོགས་སུ་གྲོང་གསེབ་ཀྱི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་གཉེར་ནས་མི་རིགས་ཁག་དབར་གྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་རེད།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་མིའི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ཕྱིར་གླ་པར་འགྲོ་མཁན་གྱི་གཞོན་ནུ་མང་པོ་ཞིག་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་དམངས་སྲོལ་གནས་ཚང་ཚོང་གཉེར་དང་ཁྱད་ལྡན་ཐོན་རྫས་བྲིན་ཚོང་སོགས་ནང་ཞུགས་ཡོད།
འདི་ནི་གཙང་སྦྲ་དོད་པའི་དམངས་སྲོལ་གནས་ཚང་གི་ཚོམས་ཆེན་ཡིན་པ།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཕྱོགས་སྒྱུར་ལེགས་གྲུབ་བྱུང་བ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་བོད་ཀྱི་ས་གཞི་ཆེ་མོར་གསོན་ཉམས་དོད་པོས་ལག་ལེན་བསྟར་བ་ཞིག་རེད། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གནའ་བོའི་གྲོང་ཚོ་དེར་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་ཞིག་རྒྱས་བཞིན་མཆིས།