མཉམ་སྡེབ་དཔལ་འབྱོར་གྱི“སྒོ་རྩིས་ཚོང་ཁང་ཆུང་ངུས”གྲོང་གསེབ་འཕེལ་རྒྱས་ལ་བྱས་འབྲས་ཐོན་པ།
ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ལྷ་གསོལ་ཤང་ནི་རྫོང་གྲོང་གི་གྲོང་ཁུལ་གཙོ་བོ་དང་བར་ཐག་སྤྱི་ལེ་20ལས་མེད་མོད། འོན་ཀྱང་ཆགས་ས་རི་ཁུག་ཡིན་ལ་འགྲིམ་འགྲུལ་སྟབས་བདེ་མེད་རྐྱེན། སྔར་ནས་ད་བར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནས་ཡུལ་གྱི་ལེགས་ཆ་མངོན་གསལ་དོད་པོ་མེད་པ་དང་། དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་9ཡི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཐད་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ། མཉམ་སྡེབ་ཐོན་ལས་ཐད་གཞི་ཁྱོན་ཆུང་བ་དང་སྟོབས་ཤུགས་ཞན་པ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད།
འཕེལ་རྒྱས་ཀྱི་དཀའ་གནད་དེ་ཐག་གཅོད་བྱེད་ཆེད། 2024ལོར་ལྷ་གསོལ་ཤང་ཏང་ཨུད་ཀྱིས་བློ་བསྡུས་དགེ་འཚོལ་བྱས་ཏེ། ས་གནས་ས་ཐོག་ཏུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་ངང་བྱས་ནས་གནད་དོན་ཐག་གཅོད་བྱེད་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཞིབ་འཇུག་བྱས་ཡོད། མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར་ལྷ་གསོལ་ཤང་གིས་ཞིང་འབྲོག་པའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས། མཐར་རྒྱལ་ལམ་560རྒྱུད་དུ་གནས་པའི་ལྔ་མདའ་གྲོང་ཚོ་ཚོད་ལྟ་བྱ་ཡུལ་དུ་བརྩིས་ནས་ལྔ་མདའ་གྲོང་ཚོར་རྫོང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྒོ་རྩིས་ཚོང་ཁང་དང་པོ་དེ་བཙུགས།
ལྷ་གསོལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཤིན་ཧང་གིས“ང་ཚོས་གྲོང་ཚོའི་ཐུན་མོང་གི་བེད་མེད་ཁང་པ་དེ་སྒོ་རྩིས་ཚོང་ཁང་དུ་བསྒྱུར་ནས་ཐུན་མོང་གི་རྒྱུ་ནོར་འཕྲོ་བརླག་མི་འགྲོ་བར་བྱས་པ་ཡིན། གཞན་ཡང་སྒོ་རྩིས་ཚོང་ཁང་བསྐྲུན་པའི་མ་དངུལ་སྒོར་ཁྲི་10ལྷ་གསོལ་ཤང་དང་ལྔ་མདའ་གྲོང་ཚོ་ཐུན་མོང་གིས་བཏང་བ་ཞིག་ཡིན་པ་དང་། གཙོ་བོ་ཟོག་སྒྲོམ་དང་དངོས་ཟོག་སོགས་ཉོ་རྒྱུར་སྤྱད་ཡོད། ལྔ་མདའ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྒོ་རྩིས་ཚོང་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་40ཡོད་པ་དང་མིག་སྔར་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད”ཅེས་ངོ་སྤྲོད་བྱས།
གསར་འགོད་པ་སྒོ་རྩིས་ཚོང་ཁང་ནང་འཛུལ་སྐབས། ཟོག་སྒྲོམ་སྟེང་འབྲས་དང་། གྲོ་ཞིབ། བཟའ་སྣུམ། རྔན་པ། ཉེར་སྤྱོད་སོགས་འཚོ་བའི་མཁོ་ཆས་གང་དགོས་ཚང་མ་གྲལ་སྟར་འགྲིག་པོས་བསྒྲིགས་པ་མཐོང་བྱུང་།
ལྔ་མདའ་གྲོང་ཚོའི་གྲོང་མི་སྙིང་སྙིང་གིས་གསར་འགོད་པར“སྔོན་ཆད་ང་ཚོ་ཅ་ལག་ཉོ་བར་རྫོང་གྲོང་དུ་འགྲོ་དགོས་པ་དང་མཚམས་རེ་གཞན་ལ་ཉོས་ཡོང་རོགས་ཟེར་དགོས་ཀྱི་ཡོད། ད་ཆ་གྲོང་ཚོར་སྒོ་རྩིས་ཚོང་ཁང་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག འཚོ་བའི་མཁོ་ཆས་མང་ཆེ་བ་འདི་ནས་ཉོས་ཆོག་གི་འདུག སྒོ་རྩིས་ཚོང་ཁང་ནང་གི་ཅ་ལག་གི་རིན་གོང་ཡང་གྲོང་ཁྱེར་དང་འདྲ་བར་ཁེ་པོ་འདུག རང་ཁྱིམ་གྱི་སྒོ་འགྲམ་ནས་ཅ་ལག་གང་དགོས་ཉོ་ཐུབ་པ་དེས་ང་ཚོ་རྫོང་གྲོང་དུ་འགྲོ་འོང་བྱེད་པའི་དུས་ཚོད་དང་བདལ་གླ་གྲོན་ཆུང་ཐུབ་པས་དངོས་གནས་ཧ་ཅང་དགའ་པོ་འདུག”ཅེས་བཤད་བྱུང་།
ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག ལྔ་མདའ་གྲོང་ཚོས་ཞིང་ལས་ཐོན་རྫས་དང་། སྒོ་རྩིས་ཚོང་ཁང་། ཚོང་དུད་བཅས་ཟུང་འབྲེལ་གྱི་མཁོ་སྤྲོད་སྦྲེལ་མཐུད་བྱེད་སྟངས་འཚོལ་ཞིབ་བྱས་པ་དང་། སྒོ་རྩིས་ཚོང་ཁང་ནང་གི་ཚོང་ཟོག་ཁྲོད་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཕུད་ད་དུང་ཞིང་འབྲོག་ཐོན་རྫས་ཀྱང་ཡོད་པས་སྒོ་རྩིས་ཚོང་ཁང་ནང་གི་ཚོང་ཟོག་སྣ་ག་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་རེད།
ལྔ་མདའ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོ་རྩིས་ཚོང་ཁང་གིས་རྒྱུན་ལྡན་གྱི་ཚོང་ལས་གཉེར་སྐྱོང་ཕུད་ད་དུང་སྐར་གསོག་དངུལ་བརྗེའི་ཞབས་ཞུ་ཡང་སྒྲུབ་ཀྱི་ཡོད་པ་རེད། གྲོང་མི་རྣམས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་གཞི་རིམ་བཅོས་སྐྱོང་སོགས་ལས་དོན་ནང་ཞུགས་ནས་སྐར་མ་བསགས་རྗེས་སྒོ་རྩིས་ཚོང་ཁང་དུ་ཐད་ཀར་དེ་མཚུངས་ཀྱི་དངོས་རྫས་བརྗེ་ཆོག་པ་དང་། རྒྱུན་གཏན་གྱི་འཚོ་བའི་ཁྲོད་གྲོང་མིས་འཚོལ་སྡུད་བྱས་པའི་བཏུང་བྱའི་འགྱིག་དམ་དང་། ཤོག་སྒམ་སྙིགས་རོ། བེད་མེད་དུ་གཡུག་པའི་ཟངས་ལྕགས་སོགས་ཀྱང་སྒོ་རྩིས་ཚོང་ཁང་ནས་དེ་མཚུངས་ཀྱི་རིན་ཐང་ལྡན་པའི་དངོས་ཟོག་ལ་བརྗེ་ཆོག་གི་ཡོད་པ་རེད།
ལྔ་མདའ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་བ་འབྲུག་གྲགས་ཀྱིས་གསར་འགོད་པར། སྒོ་རྩིས་ཚོང་ཁང་གཉེར་སྐྱོང་བྱེད་པ་དེ་ཡུལ་མི་འཛད་སྤྱོད་བྱེད་བདེ་བ་དང་ཡུལ་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཐོག རྒྱ་ཆེའི་ཡུལ་མི་ཚོར་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་ཧུར་ཐག་དང་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། གྲོང་ཚོའི་མཉམ་སྡེབ་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡོད། སྒོ་རྩིས་ཚོང་ཁང་གི་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་10ཙམ་ཟིན་བཟོ་ཡོད་པ་དང་། སྒོ་རྩིས་ཚོང་ཁང་གཉེར་སྐྱོང་དང་འཕེལ་རྒྱས་བཏང་བ་བརྒྱུད་ཡུལ་མི་ཚོའི་འཛད་སྤྱོད་དགོས་མཁོ་ཏན་ཏིག་བསྐངས་ནས་གྲོང་གསེབ་དར་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བཤད་བྱུང་།