ལྷ་སའི་སྤྱི་བདེས“དགུན་དུས་ཀྱི་བྱ་སྤྱོད”སྤེལ་ཏེ་འབྱུང་རྩ་ནས་འགལ་ཟླ་སེལ་བ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས“དགུན་དུས་ཀྱི་བྱ་སྤྱོད”གོ་སྐབས་སུ་བརྩིས་ཏེ། འགལ་ཟླ་དང་རྩོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་བ་དང་། འདུམ་འགྲིག་བྱེད་སྟངས་གསར་གཏོད་དང་། ཁྲོམ་རའི་བདེ་འཇགས་ལ་སྐོར་ཞིབ་དང་། དྲིལ་བསྒྲགས། སྔོན་འགོག་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་སྤྱི་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ལ་འཆམ་མཐུན་ལྷིང་འཇགས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་བཏོད་ཡོད།
དགུན་དུས་སུ་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཐོན་སླ་བར་དམིགས་ནས། ལྷ་སའི་སྤྱི་བདེས་འགལ་ཟླ་འདུམ་འགྲིག་གི་བསམ་ཕྱོགས་གསར་པ་དང་ཐབས་ཇུས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གཞི་རིམ་གྱི་ཉེན་རྟོག་ལས་དོན་དང་ཟུང་འབྲེལ་དམ་ཟབ་ཀྱིས“ཇ་ཁང་འདུམ་འགྲིག་ཁང”དང་། “མཐུན་ཐབས་འདུམ་འགྲིག་ཁང” “བཀྲ་ཤིས་འདུམ་འགྲིག་ཁང”སོགས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི་རྣམ་པ་གསར་པ་རབ་དང་རིམ་པ་བཏོན་ཞིང་། འདུམ་འགྲིག་ཁང་ལ་མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་བ་དང་མང་ཚོགས་ཀྱིས་དང་ལེན་བྱེད་སླ་བའི་ཁྱད་ཆོས་ལྡན་པས། དེ་ནི་གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་སའི་གཡུལ་ས་གསར་པ་ཞིག་ཏུ་གྱུར་ཡོད།
སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་འགན་ལེན་བྱ་ཆེད། ལྷ་སའི་སྤྱི་བདེས“དགུན་དུས་ཀྱི་བྱ་སྤྱོད”ཁྲིད་སྟོན་དུ་བྱས་ནས་ཁྲོམ་རའི་བདེ་འཇགས་སྐོར་ཞིབ་དང་། དྲིལ་བསྒྲགས། སྔོན་འགོག་བཅས་ཀྱི་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་རེད།
བྱ་སྤྱོད་སྤེལ་རིང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་བསྡོམས་མཉམ་དུ་སྔོན་འགོག་དང་བཅོས་སྐྱོང་བྱེད་མཁན་མི་ཐེངས་700ལྷག་ཙམ་སྐུལ་སློང་བྱས་པ་དང་རླངས་འཁོར་ཐེངས་800ལྷག་ཙམ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་འདུ་གནས་ཁག་2000ལྷག་ཙམ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་100ལྷག་ཙམ་ཤེས་རྟོགས་དང་བཅོས་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག རྩིས་སྤྲོད་དོ་དམ་བྱེད་ཁོངས་ཀྱི་གྲི་རིགས་10གཞུང་བཞེས་བཏང་བ་དང་ཁྲིམས་འགལ་ཉེས་གསོག་པ་2བཟུང་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཟིལ་གྱིས་མནན་ཡོད།
བསྡོམས་རྩིས་བརྒྱབ་པ་ལྟར་ན། དྲིལ་བསྒྲགས་དཔྱད་གཞིའི་ལག་དེབ་ཁྱོན་2000ལྷག་ཙམ་སྤྲད་པ་དང་དྲིལ་བསྒྲགས་བརྙན་ཐུང་30ལྷག་ཙམ་བསྟན་པར། སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་17000ལྷག་ཙམ་ཟིན་ཡོད།
ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་བདེ་སྲུང་པུའུ་ཡིས་བཅར་འདྲི་དང་གྲལ་བཤེར་བྱས་པ་བརྒྱུད། སྤྱི་བདེ་ལས་ཁུངས་ཀྱིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་500ལྷག་ཙམ་གྲལ་བཤེར་བྱས་པ་མ་ཟད། ཚང་མ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་པ་རེད། ཐག་གཅོད་བྱེད་རིང་། ཉེན་རྟོག་པས་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་རེ་འདུན་ལ་ཉན་པ་དང་འགལ་ཟླའི་འབྱུང་རྩར་དབྱེ་ཞིབ་ཞིབ་ཕྲ་བྱས་ཏེ། ཕྱོགས་གཉིས་ཀས་དང་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། དེ་དང་ཆབས་ཅིག བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་མཐོང་ཆེན་གྱིས་མང་ཚོགས་ལ་འགལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་ཁྲིམས་ལྟར་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱས་ཡོད།
གཅིག་སྡུད་དྲིལ་བསྒྲགས་དང་དུད་ཚང་དུ་དྲིལ་བསྒྲགས་སོགས་ཀྱི་བྱ་ཐབས་བརྒྱུད། སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ལ་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་བ་དང་མང་ཚོགས་ལ་ཁྲིམས་ལྟར་རེ་འདུན་ཞུ་བ་དང་ཁྲིམས་ལྟར་ཁེ་དབང་སྲུང་བར་ཁྲིད་སྟོན་བྱས་པ་རེད། བསྡོམས་རྩིས་བརྒྱབ་པ་ལྟར་ན། གཅིག་སྡུད་དྲིལ་བསྒྲགས་ཁྱོན་ཐེངས་30བྱས་པ་དང་། དུད་ཚང་དུ་དྲིལ་བསྒྲགས་ཐེངས་300ལྷག་ཙམ་བྱས་པ། དྲིལ་བསྒྲགས་དཔྱད་གཞི་400ལྷག་ཙམ་བཀྲམ་པར། སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་1600ལྷག་ཙམ་ཟིན་ཡོད་པ་རེད།
ལྷ་སའི་སྤྱི་བདེས“དགུན་དུས་ཀྱི་བྱ་སྤྱོད”སྤེལ་རིང་། འདུམ་འགྲིག་བྱེད་སྟངས་གསར་གཏོད་དང་། ཁྲོམ་རའི་བདེ་འཇགས་སྐོར་ཞིབ་དང་། དྲིལ་བསྒྲགས། སྔོན་འགོག་བཅས་ལ་ཤུགས་སྣོན་རྒྱག་པ། འབྱུང་རྩ་ནས་འགལ་ཟླ་དང་རྩོད་གཞི་འགོག་པ་དང་སེལ་བར་གཞི་ཚུགས་པ། དེ་བཞིན་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་སོགས་བྱེད་ཐབས་རབ་དང་རིམ་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་རྒྱུན་མཐུད་བདེ་འཇགས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པ་རེད།