ཀྲུང་གོ་དང་ནེའུ་ཙི་ལན་གྱི་མི་བཞུགས་མཚོ་བྱིངས་མཉམ་འབྲེལ་ཚན་རིག་རྟོག་ཞིབ་སླར་ཡང་བྱེད་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝེ་ལིང་ཐོན་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན“གོ་ལ་ཧྲིལ་པོའི་མཚོ་བྱིངས་འཚོལ་ཞིབ་འཆར་གཞིའི”རྒྱབ་སྐྱོར་འོག ཀྲུང་གོ་དང་ནེའུ་ཙི་ལན་གྱི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་སླར་ཡང་ཐོན་འགོ་ཚུགས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་བཞུགས་མཚོ་བྱིངས་མཉམ་འབྲེལ་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་དུམ་བུ་གཉིས་པའི་རྣམ་གྲངས་སྤེལ་འགོ་བཙུགས་ནས་མིའི་རིགས་ཀྱིས་ཕུའུ་དབྱི་སི་ཀོ་རྒྱ་མཚོའི་མཚོ་ཤུར་གྱི་ཚན་རིག་རྟོག་ཞིབ་ཐོག་མ་མུ་མཐུད་ལེགས་སྒྲུབ་བྱས་ཡོད།
ཀྲུང་གོ་ཚན་རིག་ཁང་མཚོ་བྱིངས་ཚན་རིག་དང་ལས་གྲྭ་ཞིབ་འཇུག་སུའོ་དང་ནེའུ་ཙི་ལན་རྒྱལ་ཁབ་ཆུའི་ཐོན་ཁུངས་དང་རླུང་ཁམས་ཆེན་པོའི་ཞིབ་འཇུག་སུའོ་ཡིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་ད་ཐེངས་ཀྱི་མི་བཞུགས་མཚོ་བྱིངས་མཉམ་འབྲེལ་ཚན་རིག་རྟོག་ཞིབ་དུས་ཡུན་ཟླ་བ་3ཡིན་ཞིང་། ད་ལོའི་ལོ་འགོར་འགོ་བཙུགས་པ་དང་མིག་སྔར་མཚོ་འགྲུལ་དུམ་བུ་དང་པོ་ལེགས་སྒྲུབ་ཟིན་ཡོད། མཚོ་འགྲུལ་དུམ་བུ་གཉིས་པ་འགོ་ཚུགས་རྗེས“འབད་འཐབ་པ”རྟགས་ཅན་གྱི་མཚོ་བྱིངས་ཡོངས་ཁྱབ་མི་བཞུགས་ཆུར་འཛུལ་ཡོ་བྱད་བླུགས་པའི“འཚོལ་ཞིབ་རྟགས་ཅན་དང་པོའི”ཚན་རིག་རྟོག་ཞིབ་གྲུ་གཟིངས་སླར་ཡང་ནེའུ་ཙི་ལན་གྱི་མཚོ་ཁོངས་སུ་བསྐྱོད་རྒྱུ་རེད།