དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཐོ་གྲང་འཁྱགས་སའི་འགལ་རྐྱེན་ཁྱད་བསད་ཀྱིས་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་སེལ་རོགས་བྱས་པ།

    གསར་འགོད་པ་ས་བབ་སྨི་4800ཙམ་ཟིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ས་མཐོའི་གྲོང་ཚོར་བཅར་འདྲིར་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུའེ་ཡུས་ཡའོ།   |     སྤེལ་དུས།  2025-02-25

    དཔྱིད་ཟླ་ར་བར་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀོ་ལུག་གྲོང་རྡལ་དུ་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་བ་དང་། དྲོད་ཚད་དམའ་ཤོས་ལ་ཀླད་ཀློར་འོག་གི་ཧྲེ་ཧྲི་ཏུའུ་20ལྷག་ཙམ་ཟིན་གྱི་ཡོད།

    ས་བབ་མཐོ་ཚད་ལ་སྨི་4800ཙམ་ཟིན་པའི་མོ་མཐོ་གྲོང་ཚོར་ཁང་པ་གཉིས་གསུམ་རེ་བྱས་ནས་ཡངས་པའི་རྩྭ་ཐང་དུ་ཁ་ཐོར་དུ་གནས་ཤིང་། གནམ་གཤིས་སྔར་བཞིན་གྲང་མོ་ཡོད་ནའང་། ཡུལ་མི་རྣམས་ཀྱི་སེམས་ལ་དྲོ་སོབ་སོབ་ཀྱི་ཚོར་སྣང་ཡོང་གི་ཡོད། “འཐུང་ཆུ་དྭངས་ཤིང་གཙང་བས་ང་ཚོའི་སེམས་པ་སྐྱིད་དུ་ཕྱིན་སོང”ཞེས་ཡུལ་མི་སངས་རྒྱས་བཀྲ་ཤིས་ཀྱིས་བཤད།

    འཁྱགས་ཁུང་ནས་ཆུ་ལེན་པ་ནས་ཁྱིམ་དུ་ཆུ་ལེན་རྒྱུ་ཡོད་པའི་བར།

    མཐོ་གྲང་ས་ཁུལ་དུ་འཐུང་ཆུ་ལེན་པ་དེ་བྱ་བ་ལས་སླ་མོ་ཞིག་མིན།

    གྲོང་ཚོ་ཨུ་ལྷན་ནས་ལ་འགའ་བརྒྱབ་པ་དང་རི་ལམ་ཀྱག་ཀྱོག་མང་པོ་བརྒྱུད་མཐར་འདྲེན་བྱེད་ལམ་དུ་ཁང་ཆུང་ཞིག་མངོན་པ་ནི་སངས་རྒྱས་བཀྲ་ཤིས་ཀྱི་ཁྱིམ་ཡིན། ཁོང་གིས་སྒོ་རའི་ནང་གི་ཆུ་ཀ་ལའི་གཅུས་སྒོ་ཕྱེ་མ་ཐག་ཆུ་དྭངས་མ་ཞིག་འཕྲལ་དུ་འབབ་འོང་།

    སངས་རྒྱས་བཀྲ་ཤིས་ཀྱིས་ཆུ་སྣོད་ནང་ཆུ་བླུགས་ནས་འགྲམ་གྱི་བ་ཚང་ནང་འཁྱེར་ཕྱིན། “འདི་ནི་ང་ཚོའི་འཚོ་བའི་འཐུང་ཆུ་ཡིན་པ་མ་ཟད། སྒོ་ཕྱུགས་ཀྱི་འཐུང་ཆུ་དང་ལྗོབ་རྩྭ་བཟོ་བར་ཡང་མེད་དུ་མི་རུང་བས། ད་ནས་བཟུང་ཐག་རིང་ལ་ཆུ་ལེན་པར་འགྲོ་དགོས་མི་འདུག”ཅེས་སངས་རྒྱས་བཀྲ་ཤིས་ཀྱིས་བཤད།

    མོ་མཐོ་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པ་དང་། དེའི་ས་བབ་མཐོ་ལ་ཡུལ་མི་ཁ་ཐོར་དུ་འདུས་སྡོད་བྱེད་ཀྱི་ཡོད་པས། བློ་བདེ་བའི་འཐུང་ཆུ་ཇི་ལྟར་སྤྱོད་ཐུབ་མིན་དེ་སྐབས་ཤིག་རིང་དེ་གའི་ཡུལ་མི་ཚོའི་སེམས་ནད་ཆེན་པོར་གྱུར།

    “ཐོག་མར་ང་ཚོས་ཉེ་འགྲམ་གྱི་ཆུ་བོ་ནས་འཁྱགས་པ་བཅག་སྟེ་ཁྱིམ་དུ་ཁྱེར་འོང་ནས་བཞུར་རྗེས་གཞི་ནས་བེད་སྤྱོད་ཀྱི་ཡོད། དེ་ལྟར་བྱས་ན་སྙིགས་རོ་མང་ལ་འཕྲོད་བསྟེན་ཡང་ཡག་པོ་མེད”ཅེས་སངས་རྒྱས་བཀྲ་ཤིས་ཀྱིས་བཤད། རྗེས་སུ། གྲོང་ཚོ་ཨུ་ལྷན་གནས་སའི་སྒོ་རའི་དཀྱིལ་དུ་ཁྲོན་པ་དྲུས་རྗེས་ཁྱིམ་ཚང་ཚང་མས་ཆུ་སྣོད་དུ་བླུགས་ནས་ཁྱིམ་དུ་དབོར་གྱི་ཡོད།

    དེ་འདྲ་བྱས་ཀྱང་ཆུ་རྟག་ཏུ་ལེན་ཐུབ་ཀྱི་མེད་པ་སྟེ། ཐེངས་ཤིག་གནམ་གཤིས་ཧ་ཅང་གྲང་མོ་བསྟན་ནས་སངས་རྒྱས་བཀྲ་ཤིས་ཀྱིས་གོས་མཐུག་པོ་གྱོན་ནས་ཁ་བ་བུ་ཡུག་ཁྲོད་སྦག་སྦག་ལ་བཞོན་ཏེ་གྲོང་ཚོ་ཨུ་ལྷན་ཡོད་སར་ཆུ་ལེན་པར་འོང་ཞིང་། བསམ་ཡུལ་ལ་འདས་པར་སྒོ་རའི་ནང་འཛུལ་མ་ཐག་མི་ཞིག་གིས“ཁྲོན་པར་འཁྱགས་པ་ཐེབས་འདུག་པས་ཆུ་ལེན་མི་ཐུབ”ཅེས་བཤད།

    འཐུང་ཆུའི་དཀའ་ངལ་སེལ་ཆེད། ལོ་ལྟར་གྱི་དགུན་ཨ་རང་ད་རང་སྐབས་མོ་མཐོ་གྲོང་ཚོས་ཆུ་འདྲེན་རླངས་འཁོར་གླས་ནས་ཐག་ཉེ་སའི་ཆུ་འགོ་ནས་ཆུ་བླངས་ཏེ་གྲོང་ཚོར་བསགས་ནས་དགོས་གལ་ཆེ་སྐབས་སྤྱོད་ཀྱི་ཡོད།

    “དེ་ནི་ས་བབ་མཐོ་བའི་ས་ཁུལ་ཚང་མར་ཡོད་པའི་གནད་དོན་ཞིག་ཡིན། ས་འོག་གི་འཁྱགས་ས་ཧ་ཅང་མཐུག་པས་ཆུ་འཐེན་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཁྲུན་ཡུས་ཀྱིས་བཤད་པ་དང་། ཁོང་གིས“ད་དུང་ང་ཚོའི་འདིར་འབྲོག་ས་ཡིན་པས། ཆུ་ཀ་ལ་ཕྱིར་ཁྲིད་ཚེ་ཕྱུགས་ཟོག་ལ་གཟན་ཆག་སྟེར་བར་སྟབས་བདེ་ཡོད་ནའང་དགུན་ཁར་འཁྱགས་པ་ཐེབས་ཀྱི་འདུག”ཅེས་བཤད།

    “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭ་ཉམས་བཟོ་དང་བདག་གཉེར་གཉིས་ཀར་སྤུས་ཕན་གཉིས་ལེགས་ཟམ་མི་ཆད་པར་བྱུང་བ་དང་། ཆུ་བེད་སྡེ་ཚན་གྱིས་མ་དངུལ་སྒོར་དུང་ཕྱུར་1.95བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུ་ལེན་ས་ཁག་2131ཉམས་བཟོ་དང་བདག་གཉེར་འཛུགས་སྐྲུན་བྱས་པར་མི་འབོར་ཁྲི་13.2ལ་ཕན་པ་ཐོབ་སྟེ། སངས་རྒྱས་བཀྲ་ཤིས་དང་འདྲ་བར་མི་སྔར་ལས་མང་བ་གང་སར་འཐུང་ཆུ་འཚོལ་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    སྒྲིག་ཆས་གསར་བརྗེས་ནས་སྒྱུར་བཀོད་རིམ་སྤོར་བར།

    སངས་རྒྱས་བཀྲ་ཤིས་ཀྱི་ཁྱིམ་ནས་སྤྱི་ལེ་འགའི་སར། དེའུ་འབུར་མངོན་གསལ་དོད་པོ་ཞིག་ཡོད་པ་དང་། དེའི་སྟེང་ལ་ཁང་པ་སྟབས་བདེ་ཞིག་དང་འོད་ཤུགས་ཤེལ་ལེབ་ཆེན་པོ་ཞིག་བསྒར་ཡོད། དེའུ་འབུར་དེའི་འོག་ཏུ་མོ་མཐོ་གྲོང་ཚོའི་འཐུང་ཆུའི་ཁྲོན་པ་ཡོད།

    འུར་སྒྲ་གྲགས་བཞིན་པའི་སྒྲིག་ཆས་ཆེན་པོ་འགས་ས་འོག་ནས་ཆུ་འཐེན་ཏེ་དྭངས་གསིང་ཕྱེ་ནས་ཕྱིར་གཏོང་གི་ཡོད། སྒྲིག་ཆས་དེ་ནི་ནུས་རྒྱུ་གཙང་མས་སྒུལ་གྱི་ཡོད་པ་དང་། གློག་ཀླད་ནས་ཆུ་མང་ཉུང་གི་ཚད་དང་དྭངས་གསིང་གི་ཚད་གཞིར་ཚོད་འཛིན་བྱེད་ཀྱི་ཡོད།

    འཐུང་ཆུའི་དཀའ་ངལ་སེལ་བར་ཚན་རིག་དང་མཐུན་པའི་ལག་རྩལ་དགོས་ལ། དེ་བས་ཀྱང་ཚན་རིག་དང་མཐུན་པའི་འཆར་གཞི་འགོད་དགོས་ཀྱི་ཡོད།

    ཆུ་འགོ་ནས་མོ་མཐོ་གྲོང་ཚོའི་མང་ཚོགས་ཀྱི་ཁྱིམ་བར་ཆུ་མཁོ་སྤྲོད་ཀྱི་འགན་སྲུང་མ་ལག་ཆ་ལག་ཚང་པོ་ཞིག་ཆགས་ཡོད། “མཐོ་གྲང་ལ་འཚམ་པའི་འོད་ཤུགས་རང་འགུལ་གྱི་ཆུ་དྭངས་གསིང་ས་ཚིགས་དང་། འོད་ཤུགས་ཀྱི་འཁྱགས་འགོག་མདོང་ལམ། འོད་ཤུགས་ཀྱི་འཁྱགས་འགོག་ཆུ་ལེན་ས་བཅས་ཕན་ཚུན་སྦྲེལ་ནས་གྲོང་ཚོ་ཧྲིལ་པོར་ཆུ་ཀ་ལ་ཁྲིད་དེ་ཐང་རིང་ནས་ཆུ་ལེན་པ་དང་། ཆུ་དབོར་བ་ནས་མང་ཚོགས་ཀྱི་ཁྱིམ་དུ་འཐུང་ཆུ་སྤྱོད་པའི་བར་ཆུ་མཁོ་སྤྲོད་ཀྱི་ལྷུ་ཚིགས་ཁག་འགན་སྲུང་ཐུབ་ཡོད”ཅེས་རྣམ་གྲངས་ལས་གཉེར་ཕྱོགས་དང་ཀྲུང་གོ་འཐུང་ཆུ་དྭངས་གཙང་ཤར་གཏོང(བོད་ལྗོངས)ས་མཐོའི་ཆུ་མཁོ་སྤྲོད་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་ཅན་ཁྲའོ་ཡིས་བཤད།

    གསེར་རྙེད་ཆུས་སུ་ཡོད་པའི་མཐོ་གྲང་ས་ཁུལ་གྱི་འཐུང་ཆུ་མཁོ་སྤྲོད་དང་ཆུ་གཤོང(ཐཱན་མེད་པ)ཞིབ་སྤེལ་ཚོད་ལྟའི་རྟེན་གཞིར་ས་བབ་མཐོ་སར་ཆུ་མཁོ་སྤྲོད་ཀྱི་ལག་རྩལ་གསར་པའི་རྣམ་གྲངས་མང་པོ་འགྲེམས་སྟོན་བྱས་ཤིང་། “ནག་ཆུའི་ས་རྒྱ་ཆེ་ཞིང་ས་བབ་རྙོག་འཛིང་ཆེ་བས། ང་ཚོས་ལག་རྩལ་གང་མང་ཤེས་ཚེ་དེ་མཚུངས་ཀྱིས་རང་བྱུང་གི་ཁོར་ཡུག་ཞན་པོར་ཁ་གཏད་བཅག་ཐུབ་ནས་ཆུ་མཁོ་སྤྲོད་འགན་ལེན་བརྟན་པོ་འོང་ཐུབ”ཅེས་ཁྲེན་ཅན་ཁྲའོ་ཡིས་མྱོང་ཚོར་ཟབ་མོའི་ངང་བཤད།

    ཡུལ་མིའི་དོ་དམ་ནས་ཆེད་ལས་པའི་ལྟ་སྲུང་བར།

    སྒྲིག་ཆས་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་ཉམས་བཟོ་བྱེད་ཤུགས་ཀྱང་དེ་མཚུངས་ཀྱིས་རྗེས་ཟིན་ཐུབ་པ་བྱུང་ཡོད།

    ཞོགས་པར་བསྟན་འཛིན་ཀུན་བཟང་ཆུ་ལེན་སར་ཡོང་ནས་འཕྲུལ་ཆས་ཁ་ཕྱེ་སྟེ། གྲངས་གཞིའི་སྟོན་གྲངས་ཁག་ལ་ཞིབ་བཤེར་བྱས་ཤིང་། དེ་ནི་ཁོང་གིས་ཉིན་ལྟར་ཞོགས་པར་སྒྲུབ་དགོས་པའི་ལས་འགན་དང་པོ་དེ་ཡིན།

    བསྟན་འཛིན་ཀུན་བཟང་ནི་མོ་མཐོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ལ། གྲོང་ཚོའི“ཆུ་སྲུང་བ”ཡིན། ཁོང་གིས་ཆུ་མཁོ་སྤྲོད་སྒྲིག་ཆས་ལ་རྒྱུན་གཏན་གྱི་བདག་སྐྱོང་དང་ཞིབ་བཤེར་གྱི་འགན་འཁུར་བཞིན་ཡོད། “གསོ་སྦྱོང་བྱས་པའི་ང་ཚོས་དུས་ཐོག་ཏུ་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་སྙན་སེང་ཞུ་ཐུབ་ལ། ད་དུང་སོ་སོ་རང་ཉིད་ཀྱིས་རྒྱུན་གཏན་གྱི་གནད་དོན་ཐག་གཅོད་ཀྱང་བྱེད་ཐུབ་ཀྱི་ཡོད”ཅེས་བསྟན་འཛིན་ཀུན་བཟང་གིས་གསར་འགོད་པར་བཤད་བྱུང་།

    “ང་ཚོས་ཆུས་དང་རྫོང་ཚང་མར་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་འཁོར་སྐྱོད་དོ་དམ་ས་ཚིགས་བཙུགས་ཡོད། ཡིན་ནའང་ནག་ཆུ་ས་རྒྱ་ཆེ་བས། ཞིབ་བཤེར་བྱེད་པར་ཉིན་ཁ་ཤས་འགོར་གྱི་ཡོད། ‘ཆུ་སྲུང་བ’འོང་བ་ནས་བཟུང་། ལས་གཉེར་གྱི་མ་གནས་ཆེས་ཆུང་དུ་ཕྱིན་སོང”ཞེས་གསེར་རྙེད་ཆུས་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་འཁོར་སྐྱོད་དོ་དམ་ས་ཚིགས་ཀྱི་ལས་དོན་པ་ཡེ་ཤེས་ཀྱིས་བཤད།

    སྔོན་ཆད། གྲོང་ཚོའི་ཁྲོན་པ་འབྲོག་པ་ཚོས་བདག་པོ་བརྒྱབ་པས་ཆེད་ལས་ལག་རྩལ་པ་དང་དོ་དམ་པ་ཧ་ཅང་དཀོན་ཡང་། ད་ཆ་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11ལ་ཕྱོགས་གསུམ་པའི་ཀུང་སིས་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་འཁོར་སྐྱོད་ལ་དོ་དམ་བྱས་པའི་རྨང་གཞིའི་ཐོག ཚང་མར་ཕྱོགས་གསུམ་པའི་ཀུང་སིའི་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་འཁོར་སྐྱོད་དོ་དམ་ལས་ཀ་བྱེད་སྟངས་ནང་འདྲེན་བྱས་ཤིང་། ཧུའུ་ཁྲུན་ཡུས་ཀྱིས“2025ལོའི་ལོ་མཇུག་ཏུ་སླེབ་སྐབས། ང་ཚོས་ཞིང་འབྲོག་ཁུལ་དུ་ཆུ་མཁོ་སྤྲོད་ལས་གྲྭའི་ཆེད་ལས་ཅན་གྱི་དོ་དམ་བྱེད་སྟངས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་ཞིང་འབྲོག་ཁུལ་ལ་གྲོང་གསེབ་ཆུ་མཁོ་སྤྲོད་དོ་དམ་གྱི་དཀའ་ངལ་སེལ་གང་ཐུབ་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།