དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས།

    ན་སོ་དར་ལ་མ་བབས་པའི་ན་ཆུང་གི་གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་རིགས་ཞིབ་དཔྱད་ཆོག་འཐུས་ཀྱིས་ཁྲིམས་སྦྱོར་བདའ་འདེད་གཏོང་བའི་བསམ་འཆར་ཞིབ་འཇུག་གཏན་འབེབས་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-23

    ཚེས་20ཉིན་གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ན་སོ་དར་ལ་མ་བབས་པའི་མིའི་ནག་ཉེས་ནོར་འཁྲུལ་གྱི་བྱེད་སྤྱོད་རིམ་པ་དབྱེ་ནས་ཐེ་གཏོགས་ཡོ་བསྲང་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་ཞིབ་འཇུག་བྱས་ཏེ་འདོན་རྒྱུ་དང་། ན་སོ་དར་ལ་མ་བབས་པའི་ན་ཆུང་གི་གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་རིགས་ཞིབ་དཔྱད་ཆོག་འཐུས་ཀྱིས་ཁྲིམས་སྦྱོར་བདའ་འདེད་གཏོང་བའི་བསམ་འཆར་ཞིབ་འཇུག་གཏན་འབེབས་བྱ་རྒྱུ་ཡིན་པ་རེད།

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་དང་ཅན་ཁྲ་ཀྲང་གཞོན་པ་ཀུང་མིང་གིས། ན་སོ་དར་ལ་མ་བབས་པའི་མིར་ཞིབ་དཔྱོད་བྱེད་པར“སྔོན་འགོག་ནི་སྲུང་སྐྱོབ་ཡིན་ལ། ཆད་གཅོད་ཀྱང་སྐྱོབ་ཐབས་ཡིན”པའི་འདུ་ཤེས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“ཁྲིམས་ལྟར་གྱོད་དོན་སྒྲུབ་རྒྱུ་མཐའ་འཁྱོངས་དང་། གུ་ཡངས་དང་ནན་པོ་ཟུང་འབྲེལ། གྱོད་སྒྲུབ་ཀྱི་ཆོས་ཉིད་ལ་བརྩི་སྲུང་། རྩ་ལག་མཉམ་བཅོས་ལ་སྣང་ཆེན”བཅས་ལག་ལེན་ཧུར་ཐག་བསྟར་ནས། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་ལས་དོན་སྤེལ་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། འདས་ཟིན་པའི་ལོ་གཅིག་ནང་། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་། འགན་ནུས་སྤྱི་འདོམས། ཕྱོགས་ཡོངས་ནས་སྲུང་སྐྱོང་བཅས་ལ་སྣང་ཆེན་བྱས་ཏེ“གྱོད་གཞི་གཅིག་ལ་ཞིབ་བཤེར་ཐེངས་མང”དང“གྱོད་གཞི་མང་པོར་མཉམ་དུ་ཞིབ་བཤེར”བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི་འགན་ནུས་ཕྱོགས་བསྡུས་ཐོག་སྤྱད་ནས་ན་སོ་དར་ལ་མ་བབས་པའི་མིའི་དམངས་འཚོའི་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད་ཅེས་བཤད།

    ཞིབ་བཤེར་འཛིན་བཟུང་དང་། ཞིབ་བཤེར་ཞུ་གཏུག གཏུག་བཤེར་ལྟ་སྐུལ་སོགས་ཀྱི་འགན་ནུས་ཕྱོགས་བསྡུས་ཐོག་སྤྱད་ནས་ཉེས་གསོག་ལ་ཆད་གཅོད་དང་སྔོན་འགོག་ནུས་ལྡན་བྱེད་དགོས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་དང་མི་དམངས་ཁྲིམས་ཁང་དང་མཉམ་དུ་དྲག་ཤུགས་ཀྱིས་གནོད་འཚེ་གཏོང་བ་དང་། བཙན་གཡེམ་བྱེད་པ། འཆལ་རྩེད་རྩེ་བ། བསླུ་འཚོང་བྱེད་པ་སོགས་ཀྱི་ཉེས་གསོག་ཚབས་ཆེན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པ་དང་། དར་མ་ཡིས་ན་སོ་དར་ལ་མ་བབས་པའི་མིར་བཙན་ཤེད་དང་། བསླུ་བྲིད། ངན་སྐུལ་བཅས་བྱས་ནས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་རྩོམ་དུ་འཇུག་རིགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་སྤྱི་ཕན་གཏུག་བཤེར་ཧུར་ཐག་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་དོན་སྤེལ་རིང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇགས་དང་། ན་སོ་དར་ལ་མ་བབས་པའི་མིའི་ཆ་འཕྲིན་བདེ་འཇགས། དྲ་ཁང་ནང་ན་སོ་དར་ལ་མ་བབས་པའི་མི་ཡོང་དུ་འཇུག་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གཏུག་བཤེར་ཧུར་ཐག་བྱེད་དགོས། གྱོད་གཞི་རྐྱང་པ་སྒྲུབ་གཉེར་བྱེད་པ་ནས་རིགས་འགྲེའི་གྱོད་གཞིར་ལྟ་སྐུལ་བྱེད་པ་དང་དེ་ནས་སྤྱི་ཚོགས་ཀྱི་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ས་གནས་མང་པོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲོམ་ར་ལྟ་འདོམས་དང་། རིག་གནས་ཡུལ་སྐོར། སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་མགྲོན་ཁང་དང་རོལ་རྩེད་ཁང་དུ་ན་སོ་དར་ལ་མ་བབས་པའི་མི་ཡོང་དུ་འཇུག་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་བཅའ་ཁྲིམས་ལྟ་སྐུལ་གྱི་ཆེད་དོན་བྱ་སྤྱོད་སྤེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།