2024ལོར་རང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སླར་ཡང་ཚ་རླབས་གསར་པ་འཕྱུར་བ།
གསར་འགོད་པས་2025ལོའི་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2024ལོ་ནས་བཟུང་། རང་ལྗོངས་ཀྱི་ལུས་རྩལ་སྡེ་ཚན་གྱིས་མང་ཚོགས“ལུས་སྦྱོང་བྱེད་པར་གང་དུ་འགྲོ་བའི”དཀའ་གནད་ཐག་གཅོད་ཧུར་ཐག་བྱས་ཏེ། མང་ཚོགས་ཉེ་འགྲམ་དུ་ལུས་སྦྱོང་བྱ་ཡུལ་སྐྲུན་པར་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་སྤུས་རྟགས་འགྲན་བསྡུར་བྱེད་སྒོ་བཏོད་པ་ལས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སླར་ཡང་ཚ་རླབས་གསར་པ་ཞིག་འཕྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་རང་ལྗོངས་ཀྱིས་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་4.97དོན་འཁྱོལ་བྱས་ནས་ལུས་རྩལ་སྤྱི་གླིང17(དེའི་ནང་གི་7ནི་བསྒར་བརྒྱན་རྣམ་པའི་འཛུགས་སྐྲུན་ཡིན་པ)དང་ནུས་མང་ལུས་རྩལ་ཐང་29སོགས་བསྐྲུན་པ་དང་། རྒྱལ་གྲགས་སྤོ་ལོའི་སྤྱི་གླིང་དང་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བའི་རྣམ་གྲངས་ཁག་200དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ། ཤང་དང་གྲོང་རྡལ(ཁྲོམ་གཞུང)37གྱི་དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་ཡོ་བྱད་དཀོན་པའི་དཀའ་གནད་སེལ་བའི་འདུ་འགོད་ལག་བསྟར་བྱས་པ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་18ཉམས་བཟོ་བྱས་ཡོད། མཐའ་མཚམས་རྫོང་གི་ལུས་རྩལ་སྤྱི་གླིང་དང་། ཤང་དང་གྲོང་རྡལ་གྱི་ནུས་མང་ལུས་རྩལ་ཐང་། དམངས་ཡོངས་ལུས་སྦྱོང་ལྟེ་གནས་བཅས་ཉམས་བཟོ་སྒྱུར་བཀོད་རྣམ་གྲངས་སོགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། ལྗོངས་ཡོངས་ཀྱི་ལུས་རྩལ་ཐང་གི་སྒྲིག་ཆས་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་ལྗོངས་ཡོངས་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་གསོན་ཤུགས་བསྣན་ཡོད།
ན་ནིང་ཚུན་དུ། རང་ལྗོངས་ཀྱིས་སྤུས་རྟགས་འགྲན་བསྡུར་བྱེད་སྒོ་ཧུར་ཐག་བཏོད་པ་དང་ལུས་སྦྱོང་བྱེད་སྒོ་ཁྱབ་གདལ་བཏང་བ་ལས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྔར་བས་ཕུན་སུམ་ཚོགས་པ་དང་སྣ་ཁ་མང་དུ་ཕྱིན་པ་མ་ཟད། འགྲན་བསྡུར་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཀྲུང་གོའི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེན་པོ་ཐོག་མ་དང་རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོ(ལྷོ་ནུབ་ཁུལ)སྐབས་དང་པོའི་བོད་ལྗོངས་ཡན་ལག་འགྲན་ར་གཉེར་བར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། “གཤམ་སྤེལ་གསུམ”གྱི་ལུས་རྩལ་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་ཞུའི“ཁྱབ་གདལ་དྲུག”གི་བྱེད་སྒོ བོད་ཀྱི་ལོ་གསར་ཚེས་གསུམ་དང་ཞོ་སྟོན་གྱི་རྟ་རྒྱུག་འགྲན་བསྡུར།“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”ལུས་རྩལ་རྣམ་གྲངས་ཉམས་ལེན་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བཞིན་ཡོད། སྲོལ་རྒྱུན་དུས་ཆེན་སྤྱད་དེ“གྲོང་ཚོའི་རིམ་འདས་མཉམ་འགྲན”རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་།“སེ་འབྲུའི་བུམ་པའི”རྩྭ་ཐང་རྐང་རྩེད་སྤོ་ལོའི་འགྲན་བསྡུར།“ཁམས་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སོགས་འགྲན་བསྡུར་བྱེད་སྒོ་སྤེལ་བར་མང་ཚོགས་མང་པོ་ཧུར་ཐག་ངང་ཞུགས་པའི་ཡིད་དབང་བཀུག་པ་དང་། སྤྱི་ཚོགས་ཡོངས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་པ། “ལུས་རྩལ་+”སོགས་ལས་རིགས་མང་པོའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་པས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་ཐུབ་ཡོད།