དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་སོགས་སྡེ་ཚན་གྱིས།
《དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིར་རོགས་སྐྱོར་རོགས་སྐྱོབ་བྱེད་པའི་ལས་དོན་གྱི་ཚད་གཞི》བཀྲམ་པ།
ཉེ་ཆར། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་སོགས་སྡེ་ཚན་7གྱིས་མཉམ་དུ《དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིར་རོགས་སྐྱོར་རོགས་སྐྱོབ་བྱེད་པའི་ལས་དོན་གྱི་ཚད་གཞི》བཀྲམ་པ་རེད།
ལས་དོན་གྱི་ཚད་གཞིའི་ནང་ཁ་གསལ་བཏོན་དོན། དམག་ཞབས་ཐིམ་པའི་དམག་མིར་རོགས་སྐྱོར་རོགས་སྐྱོབ་བྱེད་པའི་ལས་དོན་གྱིས་དམག་ཞབས་ཐིམ་པའི་དམག་མིའི་འཚོ་བའི་དཀའ་ངལ་ཆེ་ཆུང་དང་། དམག་སྐུལ་དང་ལེན་ཞུ་རིང་བཞག་པའི་ལེགས་སྐྱེས་དང་དོན་དངོས་ཀྱི་མཚོན་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། དཀའ་ངལ་གཅིག་མཚུངས་ཀྱི་ཆ་རྐྱེན་འོག་དམག་འཁྲུག་ནང་ཞུགས་མྱོང་བ་དང་། བྱས་རྗེས་ཀྱི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ཐོབ་མྱོང་བ། དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དང་དམིགས་བསལ་གྱི་ལས་གནས་སུ་དམག་སྐུལ་དང་ལེན་ཞུ་མྱོང་བ་སོགས་ཀྱི་དམག་ཞབས་ཐིམ་པའི་དམག་མིར་གཟིགས་སྐྱོང་བྱས་ཏེ། དམག་སྐུལ་དང་ལེན་ཞུ་རིང་བྱས་རྗེས་ཇི་ཙམ་ཆེ་ན་གཅེས་སྐྱོང་དང་རོགས་སྐྱོར་དེ་ཙམ་གྱིས་ལེགས་པའི་ཁ་ཕྱོགས་གསལ་པོ་འཛུགས་དགོས།
ལས་དོན་གྱི་ཚད་གཞིའི་ནང་ནན་བཤད་བྱས་དོན། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས(ས་ཚིགས)ཀྱིས་རྒྱུན་གཏན་གྱི་འཚམས་འདྲི་དང་དུས་བཀག་གྲལ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད། དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིའི་བསམ་བློའི་འགུལ་རྣམ་དང་། འཚོ་བའི་གནས་ཚུལ། ཁྱིམ་ཚང་གི་གནས་ཚུལ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཁོང་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་གསལ་པོ་ཤེས་པར་བྱེད་དགོས། རྒན་ཞན་ནད་སྐྱོན་བཞི་དང་མི་ཧྲེང་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རྒྱུན་གཏན་ནས་ཁྱིམ་དུ་འཚམས་འདྲི་བྱས་ཏེ་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་དགོས། མ་མཐའི་འཚོ་བའི་འགན་ལེན་དང་མཐར་ལུས་ཁྱིམ་ཚང་གི་ནད་ཚབས་ལྕི་བ་དང་དབང་པོ་སྐྱོན་ཅན་གྱི་དམག་ཞབས་ཐིམ་པའི་དམག་མི་མི་སྒེར་གྱིས་རེ་ཞུ་བྱས་ཚེ། མི་གཅིག་གི་དུད་ཚང་ལ་གཞིགས་ནས་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་བཅུག་ཆོག འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་སྨན་བཅོས་སྒྲིག་གཞིར་སྐབས་འགར་སྨན་བཅོས་འགྲོ་གྲོན་སྤྲོད་མི་ཐུབ་པ་མ་ཟད། རོགས་སྐྱོར་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིར་དོན་དག་གཅིག་ལ་གྲོས་མོལ་རེ་བྱེད་པའི་བྱ་ཐབས་སྤྱད་དེ་སྨན་ཁང་དུ་སྡོད་སྐབས་གཏའ་དངུལ་སྤྲོད་མི་དགོས་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱ་རྒྱུའི་མཛུབ་ཁྲིད་བྱེད་དགོས།
ལས་དོན་གྱི་ཚད་གཞིའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གི་ནོར་སྲིད་སྡེ་ཚན་གྱིས་སྔོན་རྩིས་དོ་དམ་གཏན་འབེབས་གཞིར་བཟུང་། མ་དངུལ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིར་རོགས་སྐྱོར་རོགས་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་དགོས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་དུས་བཀག་གི་འབྲེལ་གཏུག་གྲོས་མོལ་ལམ་སྲོལ་བཙུགས་ནས། དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིར་རོགས་སྐྱོར་རོགས་སྐྱོབ་བྱེད་པའི་ལས་དོན་ལ་འཕྲད་པའི་གཙོ་གནད་དང་དཀའ་གནད་ཐུན་མོང་ཐོག་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། རིམ་པ་ཁག་དང་རིགས་ཁག་གི་དམག་ཞབས་ཐིམ་པའི་དམག་མིའི་གཅེས་སྐྱོང་ཐེབས་རྩ(ཚོགས་པ)དང་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ན་རྒས་མཐུན་ཚོགས་དང་། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒན་རྒོན་མཐུན་ཚོགས་སོགས་ཀྱི་ནུས་པ་འདོན་སྤེལ་ལ་མཐོང་ཆེན། སྤྱི་ཚོགས་ལས་དོན་ཞབས་ཞུའི་སྒྲིག་གཞི་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་ཁྲིད་བཅས་བྱས་ཏེ། དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིར་གཅེས་སྐྱོང་དང་ཆེད་ལས་ཅན་གྱི་སྤྱི་ཚོགས་ཞབས་འདེགས་ཞུ་དགོས།