“ང་ཚོའི་སྡེ་ཁུལ་དུ་རང་ཉིད་ཀྱི་སྨན་བཅོས་ཁང་ཡོད”
སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་སྐར་མ་ཆེ་སྡེ་ཁུལ་གྱིས་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་བཏང་བའི་སྐོར་གྱི་མཐོང་ཐོས།
འདི་ནི་སྨན་སྦྱོར་ཁང་དུ་སྨན་གཡོག་གིས་སྨན་རྫས་བཤེར་བཞིན་པ།
འདི་ནི་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་སྐར་མ་ཆེ་སྡེ་ཁུལ་གྱི་སྨན་པས་བགྲེས་སོང་ལ་ཁྲག་ཤེད་ལྟ་བཞིན་པ།
འདི་ནི་སྨན་གཡོག་པད་མ་ཆོས་སྒྲོན་གྱིས་བགྲེས་སོང་ཚེ་རིང་དབང་འདུས་ལ་སྨན་ཆུ་བླུགས་པའི་གནས་ཚུལ་ལ་ལྟ་བཞིན་པ།
འདི་ནི་སྨན་གཡོག་གིས་ནད་པར་སྨན་སྦྱོར་རྟ་བྱེད་བཞིན་པ།
འདི་ནི་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་སྐར་མ་ཆེ་སྡེ་ཁུལ་གྱི་སྨན་པ་ཝང་ཚའེ་ཞ་ཡིས་ནད་པར་ནད་གཞི་འདྲི་བཞིན་པ།
གོང་པོ་རིའི་རྒྱབ་ནས་དྲོ་འཇམ་ཉི་མ་ཤར་ཏེ། གྲང་ངད་རིམ་བཞིན་སངས་པ་དང་བསྟུན་ནས་འགྲོ་ལམ་ཐོག་ཏུ་འགྲུལ་པ་ཇེ་མང་དུ་སོང་།
ཞོགས་ཇ་བཏུངས་རྗེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐར་མ་ཆེ་སྡེ་ཁུལ་གྱི་ལོ་77ལ་སླེབས་པའི་གྲོང་མི་ཚེ་རིང་དབང་འདུས་ཐད་ཀར་སྡེ་ཁུལ་གྱི་སྨན་བཅོས་ཁང་དུ་བསྐྱོད། སྒོ་ཕྱེ་ནས་དུས་ཡུན་ཟླ་བ་གཅིག་མ་སོང་བའི་སྨན་བཅོས་ཁང་འདི་ནི་སྐར་མ་ཆེ་སྡེ་ཁུལ་གྱིས་བཙུགས་པ་ཞིག་རེད། ཡུན་རིང་མ་སོང་གོང་བགྲེས་སོང་ལ་ཐགས་དབྱིབས་ཆུར་འབྲུམ་ནད་གཞི་ཕོག་པ་དང་སྡེ་ཁུལ་སྨན་བཅོས་ཁང་གི་སྨན་པས་ཉིན་5ཡི་རིང་སྨན་བཅོས་ཞིབ་ཚགས་བྱས་པ་བརྒྱུད། མིག་སྔར་དྲག་སྐྱེད་བྱུང་ནས་ན་ཟུག་ཆུང་དུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།
སྐར་མ་ཆེ་སྡེ་ཁུལ་གྱི་ཏང་ཀྲི་པུས་དོན་དངོས་དང་ཟུང་འབྲེལ་གྱིས་རིམ་དབྱེའི་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས། སྤྱི་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་། ལམ་སྲོལ་གསར་གཏོད། ཤེས་ལྡན་པ་ནང་འདྲེན་བཅས་བྱས་པ་དང་སྦྲགས། མ་དངུལ་སྒོར་ཁྲི་130ལྷག་ཙམ་བཏང་སྟེ་སྡེ་ཁུལ་གྱི་སྨན་བཅོས་ཁང་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པས། རིམ་པ་འདི་གའི་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཡོད་ལ། མང་ཚོགས་ནད་གཞི་ལྟ་བ་དང་སྨན་བཅོས་བྱེད་པར་ཡང་སྟབས་བདེ་བསྐྲུན་ཡོད་པ་རེད།
སྨན་བཅོས་ཁང་དུ་སྨན་པ་ཝང་ཚའེ་ཞ་ཡིས“ཁྱེད་ཀྱི་ཁྲག་ཤེད་ད་དུང་མཐོ་པོ་འདུག ཁྲག་ཤེད་གཅོག་སྨན་བཏང་བ་ཡིན་ནམ”ཞེས་འདྲི་བཞིན“ཁྲག་ཤེད་གཅོག་སྨན་ངེས་པར་དུ་ཉིན་ལྟར་དུས་ཐོག་ཏུ་གཏོང་དགོས”ཞེས་བཤད། ཁོང་གིས་སྨན་བཅོས་བྱེད་པར་ཡོང་མཁན་རྨོ་བོ་ལགས་ལ། ཤིང་འབྲས་དང་སྔོ་ཚལ་མང་ཙམ་ཟ་བ་ལས་ཞག་ཚིལ་ཆེ་བའི་ཟས་རིགས་ཉུང་ཙམ་ཟ་དགོས་པའི་མངགས་བཅོལ་བྱས།
སྨན་བཅོས་ཁང་གི་འགན་འཁུར་བ་ཉི་མས་ངོ་སྤྲོད་བྱས་དོན། ཝང་ཚའེ་ཞ་དང་ལི་ཆིའུ་ཀོ་སྨན་པ་བྱས་ནས་ད་བར་ལོ་20ལྷག་ཙམ་སོང་ཡོད་ལ། ཁོག་ནད་ཚན་ཁག་དང་མོ་ནད་བུ་བཙའི་ཚན་ཁག་སོ་སོར་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ན་ནིང་དབྱར་ཁར་སྐར་མ་ཆེ་སྡེ་ཁུལ་གྱིས་སྤྱི་ཚོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། རྒྱ་ཁྱོན་ལ་སྨི་ངོས་གྲུ་300ལྷག་ཙམ་ཟིན་པའི་སྡེ་ཁུལ་གྱི་བོགས་གཏོང་ཁང་པ་4བཏོན་ཏེ། ལྗོངས་ཕྱི་ནས་སྨན་པ་2གདན་དྲངས་པ་དང་། ས་གནས་དེ་ག་ནས་སྨན་གཡོག་3གདན་དྲངས་པ་མ་ཟད། སྨན་བཅོས་ཡོ་བྱད་དང་། ནད་ཁྲི་8 རམ་འདེགས་སྒྲིག་ཆས་གཞན་དག་བཅས་ཀྱང་ཉོས་ཡོད། སྨན་བཅོས་ཁང་ལ་ད་ལྟ་རྒྱུན་མཐོང་ནད་རིགས་སྨན་བཅོས་དང་། ནད་རིགས་སྔོན་འགོག བདེ་སྲུང་དང་བདེ་ཐང་སློབ་གསོ་སོགས་ཀྱི་ཞབས་འདེགས་ཞུ་བའི་ནུས་པ་ལྡན་ཡོད་པས། སྣེ་གདོང་ཆུས་མི་དམངས་སྨན་ཁང་དུ་འགྲོ་མི་དགོས་པར་ནད་གཞི་ཆུང་གྲས་སྡེ་ཁུལ་གྱི་སྨན་བཅོས་ཁང་དུ་སྨན་བཅོས་བྱེད་ཐུབ་ཀྱི་ཡོད། ཟླ་11ཚེས་6ཉིན་སྨན་བཅོས་ཁང་བཙུགས་ནས་སྨན་བཅོས་བྱེད་འགོ་ཚུགས་ཚུན་ཉིན་ལྟར་མི་བཅུ་ལྷག་ཙམ་སྨན་བཅོས་བྱེད་པར་ཡོང་གི་ཡོད། སྨན་བཅོས་ཁང་གི་སྨན་པ་གསུམ་པོས་འབྲེལ་གཏུག་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་པ་མ་ཟད། ད་དུང་འདྲི་བརྟག་APPདང་དྲ་ཐོག་སྨན་བཅོས་སྔོན་མངགས་ཞབས་ཞུའི་ལས་སྟེགས་ཤར་གཏོང་ཡང་བྱས་ཡོད་པ་རེད།
ལོ་23ལ་སླེབས་པའི་སྨན་གཡོག་པད་མ་ཆོས་སྒྲོན་ནི་སྐར་མ་ཆེ་སྡེ་ཁུལ་གྱི་ཚོགས་ཆུང་2པའི་གྲོང་མི་ཡིན་པ་དང་། ན་ནིང་བྱང་ཤར་ས་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གླིང་ཞིག་གི་ནད་ཞབས་ཆེད་ལས་ནས་ཐོན། ཐགས་དབྱིབས་ཆུར་འབྲུམ་ཕོག་པའི་ཚེ་རིང་དབང་འདུས་ལ་སྨན་ཁབ་བརྒྱབ་རྗེས། ཁོང་སྨན་སྦྱོར་ཁང་དུ་སྨན་སྡེབ་པར་ཡོང་བ་དང་འབྲེལ། ཆེད་ལས་སྨན་པའི་རེ་བ་ལྟར་སྨན་རྫས་གྲངས་བཤེར་བྱས། ཡུད་ཙམ་སོང་རྗེས། ཁོང་སླར་ཡང་ཚེ་རིང་དབང་འདུས་ཀྱི་ཉལ་ཁྲིའི་མདུན་དུ་ཡོང་ནས་སྨན་ཆུ་བསྒར་སའི་མཐོ་ཚད་ལ་ལྟ་ཞིབ་བྱས་ཏེ་བགྲེས་སོང་ལ་སྨན་ཁབ་བརྒྱབ་པའི་ལག་པ་ཁ་ཐུག་འཇོག་དགོས་པའི་ཁ་ཏ་བྱས། དེ་ནས་ཁ་མ་བྲལ་གོང་ལ་ཁོ་མོས་བགྲེས་སོང་གི་ཕོ་ཁེབས་ག་ལེར་བཟོ་རོགས་བྱས།
རང་ཉིད་འཚར་ལོངས་བྱུང་བ་མཐོང་མྱོང་བའི་ཡུལ་མི་ཚོར་ཁྱིམ་གྱི་སྒོ་རྩ་ནས་ཞབས་འདེགས་ཞུ་སྐབས་པད་མ་ཆོས་སྒྲོན་གྱིས་ལས་ཀ་ཧ་ཅང་ནན་ཏན་བྱེད་ཀྱི་ཡོད། ཁོང་གིས་གསར་འགོད་པར། ང་དང་མཉམ་དུ་སྡེ་ཁུལ་གྱི་སྨན་བཅོས་ཁང་དུ་ཡོད་པའི་སྨན་གཡོག་གཉིས་པོ་ཡང་ས་གནས་དེ་གའི་ཡུལ་མི་རེད་ཅེས་བཤད་བྱུང་།