2024ལོར་རང་ལྗོངས་ཀྱི་ལུས་རྩལ་པ་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་ནས་འབྲས་བཟང་བསྟུད་མར་བླངས་པ།
གསེར་གྱི་རྟགས་མ་55དང་། དངུལ་གྱི་རྟགས་མ་44 ཟངས་ཀྱི་རྟགས་མ་65བཅས་ཐོབ་པ།
གསར་འགོད་པར་ཉེ་དུས་འཚོགས་པའི་2025ལོའི་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུ་ནས་ཤེས་རྟོཌ་བྱུང་བར། 2024ལོར། རང་ལྗོངས་ཀྱི་ལུས་རྩལ་པ་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་ཁག་ནང་ཞུགས་ནས་གསེར་གྱི་རྟགས་མ་55དང་། དངུལ་གྱི་རྟགས་མ་44 ཟངས་ཀྱི་རྟགས་མ་65བཅས་ཐོབ་ཡོད་པ་རེད།
གསར་འགོད་པས་ཤེས་རྟོཌ་བྱས་པར། 2023ལོ་ནས་2024ལོའི་བར་གྱི་འགྲན་དུས་ཀྱི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞོན་ནུའི་འཛམ་གླིང་བུམ་པའི་ནོར་ཝེ་མོར་ཏེ་འགྲན་ཚུགས་སུ། ཚེ་བརྟན་གཡུ་སྒྲོན་ལ་U20བུད་མེད་ཚོགས་ཆུང་གི་ཐད་དཔྱང་མྱུར་འགྲན་འགྲན་བསྡུར་དང་། མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར། མི་སྒེར་གྱི་རི་ཀླུང་གངས་ཤུད་འགྲན་བསྡུར་བཅས་ལ་གསེར་གྱི་རྟགས་མ་3ཐོབ་པ་དང་། རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་གཞོན་ནུའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་3དང་ཟངས་ཀྱི་རྟགས་མ་2ཐོབ་པ། རྒྱལ་ཡོངས་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་3 ཟངས་ཀྱི་རྟགས་མ་4བཅས་ཀྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕུལ་བྱུང་གི་ལུས་རྩལ་པ་ཚེ་རིང་དགྲ་འདུལ་དང་། ཚེ་བརྟན་གཡུ་སྒྲོན། གཡུ་སྒྲོན་ལྷ་མོ། བཀྲ་ཤིས་ཚེ་རིང་། ཚེ་རིང་མཚོ་མོ། པད་མ་སྒྲོལ་མ། གཡང་ལགས་བཅས་ལ་གངས་ཤུད་རི་འཛེག་དང་། རི་ཀླུང་གངས་ཤུད། མར་སུན་འགྲན་རྒྱུག འབྲིང་རྒྱུག་དང་རྒྱང་རྒྱུག སྦེ་ག འདུར་འགྲོས་སོགས་གཙོ་གནད་རྣམ་གྲངས་ཁྲོད་ཚད་བརྒལ་རྒྱུན་མཐུད་བྱུང་ནས་གཡུར་ཟའི་གྲུབ་འབྲས་མང་པོ་ཐོབ་ཡོད།
ལྷག་པར་དུ། ཞུགས་ཐེངས་དང་པོ་ཡིན་པའི་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ཁྲོད། རང་ལྗོངས་ཀྱི་བདམས་ཐོན་པ་25ཁག་སོ་སོར་གངས་ཤུད་རི་འཛེག་དང་། རི་ཀླུང་གངས་ཤུད། ཡ་པང་གངས་ཤུད་སོགས་རྣམ་གྲངས་ཆེ་བ་འགའི་འགྲན་བསྡུར་ལ་ཞུགས་པར། གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་1གི་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།