ཀྲུང་གོའི་ཁེ་ལས་བཟོ་ལས་གླིང་གིས་ལྷོ་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་རམ་འདེགས་བྱས་པ།
འདི་ནི་ཧའེ་ཤིན་ལྷོ་ཨ་ཧྥེ་རི་ཁའི་བཟོ་ལས་གླིང་ཁུལ་དུ་ས་གནས་དེ་གའི་བཟོ་པས་བརྙན་འཕྲིན་བཟོ་གྲྭའི་ཐོན་སྐྱེད་ལས་རིམ་ཐོག་ལས་ཀ་བྱེད་བཞིན་པ།
དབྱར་དུས་ཀྱི་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་དུ་ཉི་འོད་རབ་ཏུ་འཚེར་ནའང་བསིལ་རླུང་དལ་གྱིས་ལྡང་བཞིན་འདུག སྔ་དྲོའི་ཆུ་ཚོད་8པར་གསར་འགོད་པ་ཁའེ་ཕུའུ་ཏུན་ཡ་ཐེ་ལན་ཏི་སི་ས་ཁུལ་དུ་གནས་པའི་ཧའེ་ཤིན་ལྷོ་ཨ་ཧྥེ་རི་ཁའི་བཟོ་ལས་གླིང་དུ་འབྱོར། གླིང་ཁུལ་གྱི་རྒྱལ་སྒོར་ཧའེ་ཤིན་དང་ཀྲུང་ཧྥེའི་འཕེལ་རྒྱས་ཐེབས་རྩའི་མཚོན་རྟགས་ཧ་ཅང་མངོན་གསལ་དོད་པ་དང་། སྐབས་འགར་ལྗིད་ཐེག་རླངས་འཁོར་གླིང་ཁུལ་ནས་དོན་ཡོང་བ་དང་། བཟོ་པ་རྣམས་ཀྱང་སྙིང་སྟོབས་ཆེར་སྐྱེད་ཀྱིས་གླིང་ཁུལ་དུ་ལས་ཀར་སྐྱོད་བཞིན་འདུག
རང་འགུལ་ཅན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཐོན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།
བཟོ་ལས་གླིང་གི་ཕྱོགས་བསྡུས་གཞུང་ལས་ཐོག་ཁང་ནས་གསར་འགོད་པར་ཐོན་སྐྱེད་མཐུན་སྦྱོར་ཚོགས་འདུ་གྲོལ་མ་ཐག་པའི་ཝང་ཧྲའོ་ཝུན་འཕྲད་བྱུང་། ལོ་30ལ་སླེབས་པའི་ཁོང་2024ལོའི་ཟླ་8པར་ལྷོ་ཨ་ཧྥེ་རི་ཁར་བསྐྱོད་ནས་བཟོ་ལས་གླིང་གི་བརྙན་འཕྲིན་བཟོ་གྲྭའི་འགན་ཁུར།
ལྷོ་ཨ་ཧྥེ་རི་ཁར་ཧའེ་ཤིན་བརྙན་འཕྲིན་ལས་སྒོ་འཕེལ་རྒྱས་འབྱུང་རིམ་སྐོར་གླེང་སྐབས། ཁོང་གིས“ང་ཚོས་རྒྱལ་ནང་ནས་བརྙན་འཕྲིན་ཐོན་སྐྱེད་འཁོར་རྒྱུག་ལས་རིམ་ཆ་ཚང་ཚུར་འདྲེན་བྱས་ཡོད། མིག་སྔར་བརྙན་འཕྲིན་བཟོ་གྲྭས་བརྙན་འཕྲིན་ཆེ་ཆུང་ཆ་ཚང་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། དེ་དང་དུས་མཚུངས་ང་ཚོས་ས་གནས་དེ་གའི་མཁོ་འདོན་ཚོང་པ་དང་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ནས། ལྷོ་ཨ་ཧྥེ་རི་ཁའི་ཁྱིམ་སྤྱོད་གློག་ཆས་བཟོ་སྐྲུན་གྱི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད”ཅེས་སྤོབས་པ་ཆེན་པོས་བཤད་བྱུང་།
བཅར་འདྲི་མཇུག་འགྲིལ་རྗེས། ཝང་ཧྲའོ་ཝུན་ངལ་གསོ་རྒྱག་ཁོམ་མེད་པར་བྲེལ་འཚུབ་ཆེན་པོས་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་པར་བསྐྱོད་ཀྱིན་དུ། “2025ལོར་ང་ཚོས་རང་འགུལ་ཅན་དང་། གྲངས་འཛིན་ཅན། རིག་ནུས་ཅན་བཅས་ཀྱི་ཐད་སྔར་བས་འབད་བརྩོན་བྱས་ནས་མཁོ་སྤྲོད་འཁོར་འབྲེལ་གྱི་རོགས་ཟླ་དང་མཉམ་ལས་དམ་ཟབ་བྱས་ཏེ། ལྷོ་ཨ་ཧྥེ་རི་ཁའི་འཛད་སྤྱོད་པར་བརྙན་འཕྲིན་ཐོན་རྫས་དེ་བས་ལེགས་པ་མཁོ་འདོན་བྱེད་ཀྱི་ཡིན”ཞེས་བཤད།
ཧའེ་ཤིན་ལྷོ་ཨ་ཧྥེ་རི་ཁའི་བཟོ་ལས་གླིང་ནི་ཧའེ་ཤིན་ཚོགས་པ་དང་ཀྲུང་ཧྥེའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་2013ལོར་ཐུན་མོང་ཐོག་མ་རྩ་བཏང་ནས་བཙུགས་པ་ཞིག་ཡིན་པ་དང་། དེའི་ནང་འཁྱགས་སྒམ་དང་བརྙན་འཕྲིན་བཟོ་གྲྭ་ཆེན་པོ་གཉིས་ཡོད་པ་དང་དུས་མཚུངས་འགྱིག་བཟོ་གྲྭ་དང་དེ་བཞིན་མ་བཅོས་རྒྱུ་ཆའི་མཛོད་ཁང་སོགས་ལེ་ལག་ཚང་སྒྲིག་གི་སྒྲིག་ཆས་ཀྱང་ཡོད་པ་རེད། ལོ་10ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། བཟོ་ལས་གླིང་གི་ལོ་རེའི་བརྙན་འཕྲིན་ཐོན་ནུས་ཁྲི་100ཙམ་དང་འཁྱགས་སྒམ་ཐོན་ནུས་ཁྲི་50ཙམ་ཟིན་གྱི་ཡོད། ཧའེ་ཤིན་བརྙན་འཕྲིན་དང་འཁྱགས་སྒམ་ནི་ལྷོ་ཨ་ཧྥེ་རི་ཁའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པའི་ཁྱིམ་སྤྱོད་གློག་ཆས་ཀྱི་ཐོན་རྫས་ཤིག་ཏུ་གྱུར་པ་མ་ཟད། ད་དུང་ཙན་པི་ཡ་དང་། པོ་ཚི་ཝ་ན། ན་སྨི་པི་ཡ། མོ་རི་ཐིའུ་སི། མོ་ཙམ་པི་ཁེ་སོགས་ཨ་ཧྥེ་རི་ཁ་དང་དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་20ལྷག་ཙམ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད།
ཐོན་ལས་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་རྒྱ་ཆེར་བཏང་བས་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱུང་བ།
ལུའོ་ལུན་ཙུའོ·མའེ་ཁེ་ཅིན་ན་2013ལོར་བཟོ་ལས་གླིང་བཙུགས་པ་ནས་བཟུང་དེ་གར་ལས་ཀ་བྱས་ནས་བསྡད་པ་དང་། ཁོང་འཁྱགས་སྒམ་ཐོན་སྐྱེད་ལས་རིམ་གྱི་བཟོ་པ་དཀྱུས་མ་ཞིག་ནས་འཁྱགས་སྒམ་བཟོ་གྲྭའི་འགན་འཁུར་བར་རིམ་བཞིན་འཚར་ལོངས་བྱུང་།
ཧའེ་ཤིན་དུ་ལས་ཀ་ལོ་10ལྷག་ཙམ་བྱས་རྗེས། མའེ་ཁེ་ཅིན་ན་ཡི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་བསྟུན་ནས་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཡོད། ཁོང་དང་འདྲ་བར་2013ལོར་འཁྱགས་སྒམ་བཟོ་གྲྭར་འཛུལ་བའི་སའེ་ཏེ་ལི་ཁེ·ཁུའུ་ཕི་ཏུའོ་ཡང་ཚོགས་པའི་འགན་འཁུར་བར་གྱུར་པ་དང་། 2013ལོར་བརྙན་འཕྲིན་བཟོ་གྲྭར་འཛུལ་བའི་ཝ་ལ་རུའེ་ཨེར་ཡང་ད་ཆ་བརྙན་འཕྲིན་བཟོ་གྲྭའི་གཙོ་གཉེར་བར་གྱུར་ཡོད།
ལས་ཞུགས་གཏོད་པ་དང་དུས་མཚུངས་བཟོ་ལས་གླིང་གིས་ས་གནས་དེ་གའི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་ཁྲིད་བྱས་ཡོད།
ཧའེ་ཤིན་ལྷོ་ཨ་ཧྥེ་རི་ཁའི་བཟོ་ལས་གླིང་གི་སྤྱི་ཁྱབ་ཅིང་ལི་ཅང་ཧྲུན་གྱིས་ངོ་སྤྲོད་བྱས་པར། 2024ལོའི་ཟླ་8པའི་བར་བཟོ་ལས་གླིང་གིས་ལྷན་སྦྱར་ཁེ་ལས་10ལྷག་ཙམ་ཐོན་ལས་འཁོར་འབྲེལ་ནང་བཅུག་པ་མ་ཟད། ཁོང་ཚོར་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་སྤྱོད་རྒྱུར་སྐུལ་ཁྲིད་བྱས་ཡོད།
རིག་གནས་རྟེན་མཛོད་ཁང་བསྐྲུན་ནས་ཚན་རྩལ་གསར་གཏོད་བྱེད་སེམས་འཕེལ་བར་བྱས་པ།
ཁའེ་ཕུའུ་ཏུན་གྲོང་ཁྱེར་ལྟེ་བར་ཧའེ་ཤིན་ལྷོ་ཨ་ཧྥེ་རི་ཁ་ཀུང་སིས་2024ལོའི་ཟླ་11པར་བསྐྲུན་མ་ཐག་པའི་ཧའེ་ཤིན་རིག་གནས་རྟེན་མཛོད་ཁང་ཞིག་ཡོད། རྟེན་མཛོད་ཁང་ནང་ལྟ་སྐོར་བ་མང་པོ་ཞིག་འགྲེམས་རྫས་ཀྱི་མདུན་དུ་ལངས་ནས་ལྟ་བཞིན་ཡོད།
“ཧའེ་ཤིན་རིག་གནས་རྟེན་མཛོད་ཁང་ནི་རྒྱལ་ཁབ་དང་རིག་གནས་ལས་བརྒལ་བའི་གྲུབ་འབྲས་ཤིག་ཡིན་པ་དེ་ཐོག་ནས་གསར་གཏོད་དང་རིག་གནས་ཟུང་འབྲེལ་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཧ་ཅང་ཆེན་པོ་མཚོན་གྱི་ཡོད”ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་ཞིང་ཆེན་ནུབ་མའི་རིག་གནས་ལས་དོན་དང་ལུས་རྩལ་པུའི་པུའུ་ཀྲང་ལི་ཁ་ཏུའོ·མའེ་ཁེན་ཆིས་རྟེན་མཛོད་ཁང་གི་འགོ་ཚུགས་མཛད་སྒོའི་ཐོག ཧའེ་ཤིན་རིག་གནས་རྟེན་མཛོད་ཁང་གིས་མཉམ་འགུལ་ཐོན་རྫས་བརྒྱུད་གསར་གཏོད་བར་སྟོང་བསྐྲུན་ནས་ལོ་ཚད་ཚང་མའི་ལྟ་སྐོར་བའི་ཡིད་དབང་བཀུག་ཏེ་ཁོང་ཚོར་ལག་རྩལ་དང་རིག་གནས་མཉམ་འདྲེས་ཀྱི་མྱོང་བ་ཞིག་སྤྲོད་རྒྱུ་རེད་ཅེས་བཤད།
རྟེན་མཛོད་ཁང་སྒོ་ཕྱེ་རྗེས། ཧའེ་ཤིན་གྱིས་ལྷོ་ཨ་ཧྥེ་རི་ཁའི་ཁེ་གཉེར་མིན་པའི་རྩ་འཛུགས་དང་མཉམ་ལས་བྱས་ཏེ་ས་གནས་དེ་གའི་སྡེ་ཁུལ་གྱི་བྱིས་པ་ལྟ་སྐོར་བྱེད་པར་གདན་དྲངས། ཧའེ་ཤིན་ལྷོ་ཨ་ཧྥེ་རི་ཁ་ཀུང་སིའི་སྤུས་རྟགས་ཀྱི་ཅིང་ལི་དང་རིག་གནས་རྟེན་མཛོད་ཁང་གི་གཙོ་གཉེར་པ་གཅིག་ལྕོགས་ཡ་ལི་ཁེ་སིས“ང་ཚོས་ཕྲུ་གུ་ཚོའི་ཚན་རྩལ་གསར་གཏོད་བྱེད་སེམས་འཕེལ་རྒྱུར་སྐུལ་མ་གཏོང་བ་དང་ཆབས་ཅིག ས་གནས་དེ་གའི་སྡེ་ཁུལ་དང་འབྲེལ་བ་དམ་ཟབ་འཛུགས་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད”ཅེས་བཤད།