དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཁེ་ལས་པའི་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཧ་སག་སི་ཐན་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-02-18

    ཚེས་11ཉིན། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཁེ་ལས་པའི་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཨ་སི་ཐ་ན་རུ་འཚོགས་ཤིང་། ཀྲུང་ཧའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་སྣུམ་རླངས་ཚོང་དོན་དང་། ནུས་རྒྱུ་གཙང་མ། ཞིང་ལས་མཉམ་ལས། རྒྱལ་སྤྱིའི་ཟོག་འགྲེམས་སོགས་གཙོ་གནད་མཉམ་ལས་ཁྱབ་ཁོངས་ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་དང་། ཕྱོགས་གཉིས་པོའི་ཁེ་ལས་ཀྱི་འཐུས་མིས་ཀྲུང་ཧའི་ནུས་རྒྱུའི་འཐབ་ཇུས་མཉམ་ལས་གྲོས་མཐུན་དང་ཀྲུང་ཧའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྲོས་མཐུན་སོགས་མཉམ་ལས་གྲོས་མཐུན་ཁག་8ལ་མིང་རྟགས་བཀོད་པ་རེད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས། ད་ཐེངས་ཀྲུང་གོའི་ཁེ་ལས་སྒྲིག་འཛུགས་བྱས་ནས་ཧ་སག་སི་ཐན་དུ་འཚམས་འདྲིར་ཡོང་ནས་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་ལ། རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་བྱེད་ཐབས་ཤིག་ཀྱང་རེད། མིག་སྔར་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བཞིན་ཡོད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། ད་ལོ་ཧ་སག་སི་ཐན་དུ་འཚོག་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཁེ་ལས་པའི་ཨུ་ལྷན་གྱི་ཚོགས་འདུ་དང་ཀྲུང་གོར་འཚོག་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་གླེང་སྟེགས་སོགས་བྱེད་སྒོ་རབ་དང་རིམ་པ་མཉམ་དུ་གྲ་སྒྲིག་ཡག་པོ་བྱས་ཏེ་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་ཚོང་དོན་དང་། མ་འཇོག་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ཀྱི་བརྟན་པོ་མེད་པའི་རྒྱུ་རྐྱེན་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་ཀྲུང་ཧའི་ཕྱོགས་ཡོངས་ཀྱི་ཡུན་རིང་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་བརྗོད།

    ཧ་སག་སི་ཐན་གྱི“ཨ་ཐ་མེ་ཁེན”རྒྱལ་ཁབ་ཁེ་ལས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་པ་ཐ་ལུའོ་ཕུའུ་ཡིས། ཧ་སག་སི་ཐན་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བློས་འགེལ་ཆོག་པའི་རོགས་ཟླ་དང་ཞུགས་མཁན་གཙོ་བོ་ཞིག་ཡིན། “ཨ་ཐ་མེ་ཁན”རྒྱལ་ཁབ་ཁེ་ལས་པའི་མཐུན་ཚོགས་ཀྱིས་ཀྲུང་གོ་ཚུད་པའི་ཕྱི་རྒྱལ་གྱི་མ་འཇོག་པར་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་གང་ཐུབ་བྱ་རྒྱུ་ཡིན། “ཨ་ཐ་མེ་ཁེན”རྒྱལ་ཁབ་ཁེ་ལས་པའི་མཐུན་ཚོགས་ཀྱིས་ཧ་སག་སི་ཐན་ཕྱོགས་ཀྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་འཁོར་འབྲེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ཁེ་ལས་དང་ས་གནས་སྲིད་གཞུང་སྒྲིག་འཛུགས་ཧུར་ཐག་བྱས་ནས་འཁོར་འབྲེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཞུགས་ཏེ་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ལས་སྟེགས་དེ་བས་མང་བ་བསྐྲུན་རྒྱུ་ཡིན་ཞེས་བརྗོད།

    ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧན་ཁྲུན་ལིན་གྱིས། ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་། ཀྲུང་ཧའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་རྒྱལ་སྤྱིའི་ཐོག་ཁྱིམ་མཚེས་མཛའ་མཐུན་ཀྱི་མཉམ་ལས་དཔེ་མཚོན་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་དངོས་སྒྲུབ་མཉམ་ལས“མགྱོགས་ལམ”དུ་སླེབས་ཤིང་། ཀྲུང་གོས་ཧ་སག་སི་ཐན་གྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མ་འཇོག་ཡོང་ཁུངས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ནུས་རྒྱུ་དང་གཏེར་ཁའི་ཐོན་ཁུངས་ཚོང་དོན་གྱི“རྨང་སྡེར”རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གསར་པ་དང་ཞིང་ལས་ཐོན་རྫས་སོགས་འཕར་གཞི་གསར་པ་སྔོག་འདོན་བྱས་ཏེ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དང་གྲངས་འཛིན་དཔལ་འབྱོར་སོགས་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ཏེ། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་གཏན་འཁེལ་བྱས་པའི་ཚོང་དོན་གྲངས་འབོར་ལྡབ་འཕར་གྱི་དམིགས་ཚད་སྔ་ཙམ་མངོན་འགྱུར་བྱེད་འདོད་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།