གངས་རིའི་འདབས་སུ་ཚང་ཚིང་ནགས་ཚལ་སྲུང་།
ཞོགས་པའི་ཉི་གཞོན་དགུང་ལ་འཆར། ཐང་ཤིང་ནགས་གསེབ་ཧྲིལ་པོ་ཁ་བས་བཀླུབས་ནས་སྐྱ་ཆིལ་ལེར་སྣང་། དབེན་འཇམ་གྱི་ནགས་ཁྲོད་དུ་པའེ་ཧའེ་ཡུན་གྱི་གོམ་པའི་ཐྲིག་སྒྲ་ལས་ཐོས་རྒྱུ་མེད་ཅིང་། ཁོང་གིས་མོག་མོག་དང་དམ་བི་བླུགས་པའི་ལྟོ་ཕད་རྒྱབ་ཏུ་ཁུར་ཏེ། མཐོ་དམན་རེས་མོས་ཀྱི་རྐང་པའི་འདེགས་འཇོག་ནགས་ཁྲོད་དུ་བསྒྱུར་ནས་ཉིན་གཅིག་གི་སྐོར་སྲུང་ལས་ཀའི་འགོ་བརྩམས།
པའེ་ཧའེ་ཡུན་གྱི་ལས་ཀ་གཙོ་བོ་ནི་དམར་ཕྱིའི་པར་ཆས་བསྒྲིགས་ཏེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་པར་དུ་བླངས་ནས་ཟིན་ཐོར་འགོད་པ་དང་། རང་དགར་འཛུགས་སྐྲུན་དང་ཁྲིམས་འགལ་རྔོན་རྒྱག་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་སྐོར་ཞིབ་བྱེད་པ་སོགས་རེད། བཟོད་དཀའ་བའི་དགུན་གྱི་གྲང་ཟུག་དང་བགྲོད་དཀའ་བའི་དབྱར་གྱི་འདམ་རྫབ་བཅས་ཀྱི་དཀའ་ངལ་ག་ཚོད་འཕྲད་རུང་། ཁོང་གིས་དེ་དག་ལ་ཇི་མི་སྙམ་པར་གཟའ་འཁོར་མི་རེ་ངོ་རེར་རང་འགན་ཁུར་ཡུལ་གྱི་ཡུག་ཁུལ་དུ་སྐོར་སྲུང་ལ་ཐེངས་གཉིས་གསུམ་འགྲོ་གི་ཡོད། ནགས་ཚལ་ཇེ་སྟུག་ཏུ་འགྲོ་བ་དང་རི་བོ་སྔོ་ལྗང་ཅན་དུ་འགྲོ་བ་མཐོང་དུས། ཁོང་གི་སེམས་ལ“རི་བོ་དང་ནགས་ཚལ་སྔོ་ཐིང་ཐིང་ཆགས་པ་དང་། འདབ་ཆགས་ཀྱི་སྐད་སྙན་ལྷང་ལྷང་དུ་སྒྲོག་པ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་རྒྱུན་ཆད་མེད་པར་འགྲོ་བ་བཅས་མཐོང་སྐབས། དཀའ་ངལ་ཇི་ཙམ་འཕྲད་རུང་སྡུག་རུས་བྱེད་རིན་ཡོད་པ”གསལ་པོར་ཤེས་ཀྱི་ཡོད།
དོ་དམ་ཅུས་ཐོན་ཁུངས་སྲུང་སྐྱོང་པུའི་ལས་དོན་པ་ཏུང་ཡན་ཆིང་གིས་ངོ་སྤྲོད་བྱས་དོན། 2019ལོའི་ཟླ་8པ་ནས་བཟུང་། དོ་དམ་ཅུས་ཀྱིས་དམར་ཕྱིའི་པར་ཆས་སྤྱད་དེ་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་འགོ་ཚུགས་པ་དང་། མིག་སྔའི་བར། ལོ་ལྔ་བསྟུད་མར་གསའ་ཡི་འགུལ་སྐྱོད་གནས་ཚུལ་བརྙན་དུ་བླངས་ཡོད་པ་སྟེ། 2020ལོར་གསའ་རེ་ཟུང་གངས་འདབས་སུ་རང་དགར་རྒྱུ་བ་པར་དུ་ཐོག་མར་བླངས་པ་དང་། 2021ལོར“གསའ་ནང་མི་གསུམ”ཉི་མ་སྲོ་བ་དང་། རི་འབུར་བརྒལ་བ། འདེད་རེས་བྱེད་པ་བཅས་ཀྱི“བདེ་སྐྱིད་ལྡན་པའི་འཚོ་བར”རོལ་བཞིན་ཡོད་པ་ཟིན་ཐོར་འགོད་ཐུབ་ཡོད་པ། 2024ལོར་ཐག་ཉེ་ས་ནས་གསའ་ཡིས་གངས་གསོག་ཁྲོད“རྐང་པ་བརྡར་བཞིན་པའི”ཡི་གར་འོང་བའི་རྣམ་པ་བརྙན་དུ་བླངས་ཡོད། ཏུང་ཡན་ཆིང་གིས། “སྲུང་སྐྱོང་ཁུལ་དུ་བསྟུད་མར་གསའ་ཐེངས་མང་པོ་ཐོན་པ་དེ་ཐོག་ནས་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་། སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པ། གསའ་ཡི་འཚོ་གནས་ཀྱི་དགོས་མཁོ་སྐོང་ཐུབ་པ་བཅས་གསལ་བཤད་ཐུབ་ཀྱི་ཡོད་ལ། དེ་བས་ཀྱང་སྲུང་སྐྱོང་གི་ཕན་འབྲས་ཡག་པོ་ཡོད་པའི་བདེན་དཔང་ཐུབ་ཡོད”ཅེས་བཤད།
སྐོར་སྲུང་གི་ལས་ཀར་ཞུགས་ཚུན། པའེ་ཧའེ་ཡུན་གྱི་སྐོར་སྲུང་གི་ལམ་ཐག་རིང་ཤོས་ལ་སྤྱི་ལེ་18ཟིན་པ་དང་། སྐོར་སྲུང་ཁྱབ་ཁོངས་ཀྱི་ས་བབ་མཐོ་ཤོས་ལ་སྨི་4500ཟིན་གྱི་ཡོད། དུས་ཐུང་ནང་ས་བབ་ཀྱི་མཐོ་ཚད་ལ་འགྱུར་ལྡོག་འགྲོ་མགྱོགས་པ་དེས་ལ་དུག་ཕོག་སླ་བས། སྐོར་སྲུང་བྱེད་རིང་ཁོང་ལ་རྟག་ཏུ་མགོ་ན་བ་དང་། བྲང་ཁ་བསྡམས་པ། དབུགས་རྔུབ་གཏོང་དཀའ་བ་སོགས་ཀྱི་དཀའ་ངལ་འཕྲད་རྐྱེན། སྐབས་རེ་གསོ་རླུང་རྔུབ་དགོས་ཀྱི་ཡོད། སྲུང་སྐྱོང་ཁུལ་གྱི་ས་དབྱིབས་རྙོག་འཛིང་ཆེ་བ་དང་གནམ་གཤིས་འགྱུར་ལྡོག་ཆེ་བས། སྐབས་རེ་གནམ་གཤིས་ཧ་ཅང་ཡག་པོ་ཡོད་ཀྱང་དེ་མ་ཉིད་དུ་གངས་རླུང་འུར་འུར་དུ་འཚུབ་ཀྱི་ཡོད། སྦག་སྦག་ཐར་ས་མེད་སར་པའེ་ཧའེ་ཡུན་གྱིས་རྐང་ཐང་མར་སྐོར་སྲུང་བྱེད་པར་འགྲོ་གི་ཡོད་པ་དང་། སྐོར་སྲུང་བྱེད་ཐེངས་རེར་ཉིན་ཕྱེད་ལྷག་ཙམ་འགོར་གྱི་ཡོད་པས། ཁྱིམ་ལ་ལོག་སྐབས་རྟག་པར་ས་རུབ་ཀྱི་ཡོད།
ད་ཆ། བདག་སྐྱོང་བ་15ཡིས་ཚོགས་ཆུང་བགོས་ནས་སྤྱི་ཆིང་ཁྲི་10.79ཟིན་པའི་སྲུང་སྐྱོང་ཁུལ་དུ་སྐོར་སྲུང་བྱེད་པ་ཕུད། དོ་དམ་ཅུས་ཀྱིས་བསྐྲུན་པའི་ལྟ་ཞིབ་ཚད་ལེན་མཐོ་ལྕོག་ཀྱང་སྤྱོད་འགོ་ཚུགས་ཡོད་པས། ལས་དོན་པས་རྒྱང་རིང་ནས་སྲོག་ཆགས་ཁྱུའི་འགྱུར་ལྡོག་དང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཀྱི་ཡོད། དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཀྲི་ཅུན་གྱིས། “འབྱུང་འགྱུར་ང་ཚོས་སྲུང་སྐྱོང་ཁུལ་གཞི་གཅིག་ཅན་གྱི་ཆ་འཕྲིན་སྟེགས་བུ་གང་མགྱོགས་བསྐྲུན་ནས་མིའི་ཁུར་པོ་ཡང་དུ་བཏང་སྟེ་སྲུང་སྐྱོང་ཁུལ་རིག་ནུས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།
(ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་15ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)