དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འགག་སྒོའི་ཁྱབ་འགྱེད་ནུས་པ་ཆེ་རུ་ཕྱིན་ནས་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ལོ་གཉིས་བསྟུད་མར་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་པ།

    བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་སྤུས་འཕར་འབོར་བརྟན་གྱི་རྣམ་པ་བཟང་པོ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-18

    ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2024ལོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་126.72བར་འཕར་ཏེ་དུས་མཚུངས་ལས་15.4%འཕར་ཞིང་། ལོ་གཉིས་བསྟུད་མར་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་ཏེ་སྤྱི་ཡོངས་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་5པ་དང་། ནུབ་རྒྱུད་ས་ཁུལ་གྱི་ཨང་4པ། མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡི་ཁྲོད་ནས་ཨང་3པ་བཅས་སུ་སླེབས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་བའི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ནས་འཕེལ་ཕྱོགས་བཟང་པོ་མངོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་སྔོན་དཔག་བརྟན་པོ་དང་། གདེང་ཚོད་ཆེར་གཏོང་། གསོན་ཤུགས་འཕེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འགག་སྒོའི་ལས་དོན་དང་བོད་ཀྱི“དོན་ཆེན་བཞིའི”འབྲེལ་ཆོས་དང་ཤུགས་རྒྱག་ས་བཙལ་འཚོལ་དང་། “ཁེ་ལས་དང་། ཐོན་ལས། བགྲོད་ལམ”བཅས་ཀྱི་འགག་གནད་ལ་དམ་འཛིན། “ལེགས་པ་དང་། སྟབས་བདེ། མགྱོགས་པ”བཅས་ཀྱི་འགག་སྒོའི་ལས་སྒོ་ཤར་བགྲོད་ཀྱི་བྱེད་ཐབས་དངོས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་དང་སྤུས་འཕར་འབོར་བརྟན་ལ་སྐུལ་འདེད་བཏང་ཡོད།

    འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཁྲོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་བྱེད་པོའི་གནས་བབ་མུ་མཐུད་བརྟན་དུ་བཏང་བས་དམངས་གཉེར་ཁེ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་གིས་ལྗོངས་ཡོངས་ཀྱི་བསྡུར་གྲངས་བཟུང་ཚད་98.6%ཟིན་ཡོད་པ་རེད། ཁྲབ་རྨོག་དང་། སྤུ་ཧྲེང་། གྲོ་མོ་བཅས་ཀྱི་མཐའ་མཚམས་མང་ཚོགས་ཀྱི་ཚོང་འབྲེལ་བྱ་ཡུལ་ཚད་ལྡན་ཅན་གྱི་སྒོ་ནས་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་བྱ་ཡུལ་14སྒོ་སླར་ཡང་འབྱེད་པར་རྒྱབ་སྐྱོར་བྱེད་པ་དང“དྲ་སྦྲེལ་དང་མཐའ་མཚམས་ཚོང་དོན”ཚོད་ལྟ་བཀོལ་སྤྱོད་གཏིང་ཟབ་བྱས་པས། མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་དང་མཐའ་མཚམས་མང་ཚོགས་ཀྱི་ཚོང་འབྲེལ་གྱི་ཡོང་འབབ་ཁག་སོ་སོར་སྒོར་དུང་ཕྱུར་35.32དང་སྒོར་དུང་ཕྱུར་0.44ཟིན་ཡོད།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་གནད་སྨིན་ཞབས་འདེགས་ཞུ་བའི་ཐད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་རྫས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལྷ་སའི་ནས་ཆང་དང་། གཞིས་རྩེའི་ལུག ལྷོ་ཁའི་ཀུ་ཤུ ཉིང་ཁྲིའི་བེ་ཤ མངའ་རིས་ཀྱི་གཏེར་ཆུ། ཆབ་མདོའི་རྒུན་འབྲུམ་ཨ་རག ནག་ཆུའི་དབྱར་རྩྭ་དགུན་འབུ་སོགས་ཡུལ་ཟོག་ཕྱིར་གཏོང་བྱེད་ཚད་མགྱོགས་སུ་བཏང་བ་མ་ཟད། བལ་དང་ཁུ་ལུ་དང་བོད་ཀྱི་ཆུ་བཟང་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1གི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོར་བརྒལ་ཡོད།

    འགག་སྒོའི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐད། རང་ལྗོངས་ཀྱི་འགག་སྒོའི“ནང་ནུབ་རྒྱུད་དང་འབྲེལ་བ་དང་ཕྱི་ཨེ་ཤེ་ཡ་ལྷོ་མ་དང་འབྲེལ་བའི”ཁྱབ་འགྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྐྱིད་གྲོང་དང་། ཁྲབ་རྨོག སྤུ་ཧྲེང་བཅས་གསུམ་གྱི་ཐོན་རྫས་ནེ་པ་ལའི་འགག་སྒོ་ནས་ཕྱིར་གཏོང་ཐུབ་ཡོད་ལ། ལི་ཙེ་འགག་སྒོའི“ཚྭ་ལུག་གནའ་ལམ”ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པ་དང་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་རྒྱལ་སྤྱིའི་མཁའ་ལམ་མང་དུ་བཏང་ཡོད། བོད་ལྗོངས་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་བསྐྲུན་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་བོད་ཀྱི་གཏོགས་ཁོངས་ཞིབ་བཤེར་ཚོང་ར་ཐོག་མ་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བཏང་སྟེ། འགག་སྒོ་ནས་བཏང་བའི་དངོས་ཟོག་ཁག་དང་པོ་དང་ལྕགས་ལམ་དང་གཞུང་ལམ་ནས་སྐྱེལ་འདྲེན་བྱས་པའི་དངོས་ཟོག་ཁག་དང་པོ་བདེ་བླག་ངང་ཕྱིར་གཏོང་བྱས་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ“སྤ་སེ་གཅིག་དང་འཁོར་མང”དང“ས་ཁུལ་དང་འགག་སྒོ་མཉམ་འགུལ”གྱི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་མཛོད་ཁང་གི་བྱེད་ནུས་ཁྱབ་གདལ་བཏང་སྟེ་བོད་ཀྱི་འགག་སྒོ་ནས་ནུས་གསར་རླངས་འཁོར་11842ཕྱིར་གཏོང་བྱས་པར་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་15.49ཟིན་ནས་དུས་མཚུངས་ལས་144.82%དང་126.79%སོ་སོར་འཕར་ཡོད།

    གཞན་ཡང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་པ་མ་ཟད། “ཀྲུང་དབྱང་གིས་དོ་ཁུར་དང་། སྤྱི་ཚོགས་ཀྱིས་དོ་ཁུར། མང་ཚོགས་ཀྱིས་དོ་ཁུར”བཅས་ཀྱི་མངོན་གསལ་དོད་པའི་ལྐོག་འདྲེན་གྱི་གནད་དོན་དང་བོད་ཀྱི་ཁོངས་གཏོགས་ཁུལ་གྱི་ལྐོག་འདྲེན་བྱེད་སྤྱོད་གཙོ་བོར་དམིགས་ནས“རྒྱལ་སྒོའི་སྤུ་གྲི”དང“སྲུང་སྐྱེལ”སོགས་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་འཐབ་རྩོད་དང་མཉམ་འབྲེལ་བྱ་སྤྱོད་ཁྱོན་30སྤེལ་བར་གསེར་སྤྱི་རྒྱ་23རྒྱལ་མཚམས་ནས་ལྐོག་འདྲེན་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཉེ་བའི་ལོ་བཅུའི་རིང་གི་འགག་སྒོ་མེད་པའི་ས་ཁུལ་ནས་རྒྱལ་མཚམས་སུ་ལྐོག་འདྲེན་བྱས་པའི་ཧའེ་ལུའོ་དབྱིན་ཁེ་736.55ཐོག་མར་རྩད་ཆོད་ཡོད། ལོ་ཧྲིལ་པོར་ཉེས་དོན་གྱོད་གཞི་23དང་སྲིད་འཛིན་གྱོད་གཞི་24ཞིབ་བཤེར་ཐག་གཅོད་བྱས་ནས་ཉེས་དོན་དང་སྲིད་འཛིན་གྱོད་གཞི“ལྡབ་འཕར་གཉིས”མངོན་འགྱུར་བྱུང་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།