རང་ལྗོངས་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་ལེན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ།
དམག་ཞབས་ཐིམ་པའི་དམག་མི་6དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚན་པ་1 མི་སྒེར་1བཅས་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་གཟེངས་བསྟོད་ཐོབ་པ།
གསར་འགོད་པར་ཟླ་2ཚེས་14ཉིན་འཚོགས་པའི་ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྲང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2024ལོར་ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་དམག་ཞབས་ཐིམ་པའི་དམག་མིའི་ལེགས་ཆའི་ནུས་པ་གང་ལེགས་བཏོན་པས། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། རང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མི་6དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚན་པ་1 མི་སྒེར་1བཅས་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་གཟེངས་བསྟོད་ཐོབ་པ་རེད།
2024ལོར་ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་བཙུགས་ནས་དམག་ཞབས་ཐིམ་པའི་དམག་མིའི་དང་བླངས་ཞབས་ཞུ་རུ་ཁག་331སྒྲིག་འཛུགས་བྱས་ཏེ་གཞི་རིམ་བཅོས་སྐྱོང་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་དང་བླངས་ཞབས་ཞུ་ཐེངས་2082སྤེལ་བར་མང་ཚོགས་མི་ཐེངས་ཁྲི་11ལ་ཕན་པ་ཐོབ་ཡོད།
“དམག་མི་རྒན་གྲས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་དམག་ཞབས་ཐིམ་པའི་དམག་མི་610ལ་རྒྱུན་དུ་འབྲེལ་གཏུག་བྱས་པ་དང་། དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་མི་ཐེངས་25728ལ་འཚམས་འདྲིར་བྱས་པ། འཚམས་འདྲིའི་དངུལ་དང་དངོས་ཟོག་སྒོར་ཁྲི་1790སྤྲད་པ། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་235ཐག་གཅོད་བྱས་ཡོད། “དམག་མི་རྒན་གྲས་ལ་དྲོ་སྐྱིད་སྦྱིན་པའི”སྤྱི་ཕན་བྱ་སྤྱོད་སྤེལ་ནས་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིའི་བུ་ཕྲུག་40ལ་སློབ་ཞུགས་རོགས་དངུལ་སྤྲད་པ་དང་དམག་ཞབས་ཐིམ་པའི་དམག་མི་རྒན་རྒོན་ལ་ཉན་ཕན་ཡོ་བྱད་600སྤྲད་ཡོད། གཟིགས་སྐྱོང་ལག་ཁྱེར་5298བཟོས་པ་དང་། དབང་སྐྱོན་གཟིགས་སྐྱོང་བྱ་ཡུལ་644ལ་སྨན་བཅོས་འགན་བཅོལ་དང་སྨན་བཅོས་ཁ་གསབ་སྤྲད་པ། དམག་ཞབས་ཐིམ་པའི་དམག་མི་1792ལ་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་སྒོར་ཁྲི་3840སྤྲད་པརེད།