ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དུ་བྱང་སྐར་ཐད་གཏོང་སྲུང་སྐར་རབས་བཞི་པའི་བསྡུ་ལེན་སྒྲིག་ཆས་ཡོངས་སུ་ཁྱབ་པ།
ཆ་འཕྲིན་དུད་ཚང་ཀུན་ལ་ཁྱབ་པར་འབྲེལ་ཟམ་བསྐྲུན་པ།
མིག་སྔར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དུ་བྱང་སྐར་ཐད་གཏོང་སྲུང་སྐར་རབས་བཞི་པའི་བསྡུ་ལེན་སྒྲིག་ཆས་ཁྱོན་དུད་ཚང་2232ལ་སྒྲིག་སྦྱོར་བྱས་པས། བྱང་སྐར་ཐད་གཏོང་སྲུང་སྐར་རབས་བཞི་པའི་བསྡུ་ལེན་སྒྲིག་ཆས་ཡོངས་སུ་ཁྱབ་ཡོད་པ་རེད། ད་ཆ། རྫོང་ཡོངས་ཀྱི་མང་ཚོགས་ཀྱིས་རབ་གསལ་བརྙན་འཕྲིན་ལེ་ཚན་ཁག་92དང་རླུང་འཕྲིན་ལེ་ཚན་ཁག་56རིན་མེད་ངང་ལྟ་ཉན་བྱེད་ཆོག་གི་ཡོད་པ་རེད།
མཚོ་སྨད་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་4177.2ཡོད་པ་དང་། དེའི་ཁོངས་གཏོགས་སུ་ཤང་2དང་། གྲོང་རྡལ་2 གྲོང་ཚོ(སྡེ་ཁུལ)15 གྲོང་མིའི་ཚོགས་ཆུང་85བཅས་ཡོད་པར་མི་གྲངས་13729ཡོད་པ་རེད། ས་ཁམས་ཆ་རྐྱེན་གྱི་ཚོད་འཛིན་དབང་གིས་ཐག་རིང་ས་ཁུལ་དུ་རླུང་འཕྲིན་ཉན་པ་དང་བརྙན་འཕྲིན་ལྟ་བ་ནི་སྔར་བཞིན་མང་ཚོགས་ཀྱི་རིག་གནས་རོལ་རྩེད་བྱེད་སྒོ་གཙོ་བོའི་གྲས་ཤིག་རེད། མཚོ་སྨད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མང་ཚོགས་ཀྱི་དགོས་མཁོ་ནས་འགོ་བཙུགས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་རྫོང་ཡོངས་ཀྱི་མང་ཚོགས་ཚང་མར་པར་རིས་རབ་ཏུ་གསལ་བ་དང་ནང་དོན་ངོ་མཚར་ཆེ་བའི་བརྙན་འཕྲིན་ལེ་ཚན་ལྟ་ཐུབ་པར་བྱས་ནས། ཏང་དང་སྲིད་གཞུང་གི་གསུང་སྒྲ་དུད་ཚང་ཁྲི་སྟོང་ལ་ཁྱབ་སྤེལ་དེ་བས་ལེགས་པ་བྱས་ཡོད།
2021ལོ་ནས་2023ལོ་བར། བྱང་སྐར་ཐད་གཏོང་སྲུང་སྐར་རབས་གསར་པའི་བསྡུ་ལེན་སྒྲིག་ཆས་ཆ་ཚང་771སྤྲད་དེ་མཚོ་སྨད་རྫོང་གིས་སྲིད་འཛིན་གྲོང་ཚོ་4ལ་བརྗེ་པོ་རྒྱག་པ་དང་སྒྲིག་སྦྱོར་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། 2024ལོར་མཚོ་སྨད་རྫོང་གིས་མ་དངུལ་སྒོར་ཁྲི་212བཏང་ནས་བྱང་སྐར་ཐད་གཏོང་སྲུང་སྐར་རབས་བཞི་པའི་སྒྲིག་ཆས་རིམ་འཇུག་རིམ་སྤོར་རྣམ་གྲངས་ལག་བསྟར་བྱས་པར“དུད་ཚང་ཀུན་ཁྱབ”ཀྱི་སྒྲིག་ཆས་ཆ་ཚང་3000ཉོ་སྒྲུབ་བྱས་པ་ཚུད་ཡོད། མིག་སྔར། རྣམ་གྲངས་དེ་ལེགས་གྲུབ་ཟིན་པ་དང་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་15ཚང་མར་བྱང་སྐར་རབས་བཞི་པའི“དུད་ཚང་ཀུན་ཁྱབ”སྒྲིག་ཆས་སྒྲིག་སྦྱོར་སྙོམ་སྒྲིག་གི་ལས་དོན་མངོན་འགྱུར་བྱུང་ཡོད།
“ང་རང་ལོ་ན་མཐོ་རུ་ཕྱིན་པ་དང་བསྟུན་ནས་འགྲོ་སྐྱོད་སྟབས་བདེ་མི་འདུག་པས། བརྙན་འཕྲིན་ལྟ་བ་དང་རླུང་འཕྲིན་ཉན་པར་ཧ་ཅང་དགའ་པོ་ཡོད། སྔོན་ཆད། ཁྱིམ་དུ་བཀོལ་སྤྱོད་བྱེད་པའི‘འཕྲིན་སླང’དེ་ཁང་པའི་ཐོག་ཁར་འཇོག་སྐབས་བརྟན་པོ་ཡོང་ཆེད་ཤིང་དང་རྡོ་ཡིས་མནན་དགོས་ཀྱི་ཡོད། གནམ་གཤིས་ངན་པའི་སྐབས་སུ་བརྡ་རྟགས་ཀྱང་དེ་དང་བསྟུན་ནས་འགྱུར་གྱི་འདུག ད་ཐེངས་གསར་དུ་བརྗེས་པའི‘གནམ་སྐུད་འཕྲིན་སླང’དེར་ད་དུང་རྡོའི་རྨང་གདན་དང་བསྒར་གདན་ཡང་སྒྲིག་སྦྱོར་བྱས་པས། བརྡ་རྟགས་བརྟན་ལ་བརྙན་འཕྲིན་ལེ་ཚན་མང་པོ་ཞིག་ལྟ་རྒྱུ་འདུག”བགྲེས་སོང་སྤེན་ཚེའི་ཁྱིམ་དུ་དབྱིན་ཚུན་65ཡི་བརྙན་འཕྲིན་ཆེན་པོ་ཞིག་ཚོམས་ཆེན་གྱི་དཀྱིལ་དུ་བཞག་ཡོད་པས་མངོན་གསལ་ཤིན་ཏུ་དོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྨད་རྫོང་གིས“དུད་ཚང་ཀུན་ཁྱབ”སྒྲིག་ཆས་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་བརྟན་པོ་གཏོང་བའི་རྨང་གཞིའི་ཐོག ཤང་དང་གྲོང་རྡལ་དང་། གྲོང་ཚོའི་རིག་གནས་ས་ཚིགས(སུའོ)ཁག་གི་ལས་དོན་མི་སྣར་ལས་ཀའི་མཛུབ་ཁྲིད་དང་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་ཁ་པར་བཙུགས་ནས། གལ་ཏེ་མང་ཚོགས་ལ་ལག་རྩལ་གྱི་དཀའ་གནད་འཕྲད་ཚེ་རྫོང་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་དོན་མི་སྣས་འཕྲལ་མར་སྒོ་རྩར་བསྐྱོད་དེ་སྒྲིག་ཆས་ཉམས་གསོའི་ཞབས་འདེགས་ཞུ་གི་ཡོད་པ་རེད།