ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་ཨར་སྐྲུན་གད་སྙིགས་ཕན་མེད་ནས་ཕན་ཡོད་ཐོན་ཁུངས་ལ་བསྒྱུར་བ།
ཉིང་ཁྲི་གྲོང་ཁྱེར་གྱིས“ཟོག་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ལ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཀོང་པོ་རྒྱ་མདའ་རྫོང་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། ཨར་སྐྲུན་གད་སྙིགས་ཚད་ལྡན་ཅན་དང་། རྣམ་གྲངས་ཅན། ལག་རྩལ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ནུས་ཆེའི་བེད་སྤྱོད་གཏོང་སྟངས་འཚོལ་ཞིབ་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་ཨར་སྐྲུན་གད་སྙིགས་ཚུར་བསྡུ་བསྐྱར་སྤྱོད་ཀྱི་རྣམ་གྲངས་ཐོག་མ་བསྐྲུན་པ་དང་ཐོན་སྐྱེད་བྱེད་འགོ་ཚུགས་པས་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཀྱི་འཁོར་འབྲེལ་ཤར་གཏོང་ཐུབ་ཡོད།
ཨར་སྐྲུན་གད་སྙིགས་ཚད་ལྡན་ཅན་གྱི་བསྐྱར་སྤྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཤིང་། ཀོང་པོ་རྒྱ་མདའ་རྫོང་གིས《ཀོང་པོ་རྒྱ་མདའ་རྫོང་གི་ཨར་སྐྲུན་གད་སྙིགས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་དམིགས་ཚད་ལས་འགན་དང་། ལས་ཀའི་བྱ་ཐབས། འགན་སྲུང་བྱེད་ཐབས་བཅས་ཞིབ་ཕྲ་བཟོ་བ་དང་། འབྱུང་རྩ་ནས་གད་སྙིགས་གཙང་སེལ་གནད་སྨིན་ཅན་དང་། བར་རྒྱུད་སྐྱེལ་འདྲེན་ཆེད་ལས་ཅན། མཐའ་མའི་གཙང་སེལ་ཚད་ལྡན་ཅན། ཕན་ཆེའི་བེད་སྤྱོད་གནོད་མེད་ཅན་བཅས་གསལ་པོ་བཟོ་བར་དམ་འཛིན་བྱེད་པ། ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་དང་གནོད་མེད་ཅན་གྱི་ཐག་གཅོད་ལ་སྐུལ་འདེད་གཏོང་བ། ཐག་གཅོད་བྱེད་རིང་གི་གནོད་འཚེའི་རང་བཞིན་ཆུང་དུ་གཏོང་བ་བཅས་བྱས་ཏེ། “ཐོན་ཁུངས་ནས་གད་སྙིགས་དང་དེ་ནས་ཐོན་ཁུངས”བར་གྱི་ཐོན་ཁུངས་སྲུང་སྐྱོང་གི་གདུབ་ཟུམ་དང“ཨར་སྐྲུན་གད་སྙིགས་ནས་ཐོན་ཁུངས་ཅན་གྱི་ལས་སྣོན་དང་དེ་ནས་བསྐྱར་སྐྱེས་སྤྱོད་རུང་རྒྱུ་ཆའི”བར་གྱི་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཏོད་ཡོད།
ཨར་སྐྲུན་གད་སྙིགས་རྣམ་གྲངས་ཅན་གྱི་བསྐྱར་སྤྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཤིང་། ཨར་སྐྲུན་གད་སྙིགས་ཀྱི་མངོན་མེད་རིན་ཐང་སྔོག་འདོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་བྱེད་སྟངས་ལ་བརྟེན་ནས་ཀོང་པོ་རྒྱ་མདའ་རྫོང་གྲོང་གི་ཐོན་ཁུངས་བསྐྱར་སྐྱེས་གཙང་མ་ཚུར་བསྡུ་བེད་སྤྱོད་ཚད་ཡོད་ཀུང་སི་བཙུགས་པ་དེ་ནི། ཉིང་ཁྲི་གྲོང་ཁྱེར་གྱི་ཨར་སྐྲུན་གད་སྙིགས་ཚུར་བསྡུ་བསྐྱར་སྤྱོད་རྣམ་གྲངས་ཐོག་མ་དེ་རེད། དེས་ཨར་སྐྲུན་གད་སྙིགས་རིགས་དབྱེ་ཐག་གཅོད་དང་བསྐྱར་སྐྱེས་ཐོན་ཁུངས་བེད་སྤྱོད་བྱེད་རྒྱུ་གཙོ་བོར་བྱས་ཤིང་། བསྡོམས་མ་དངུལ་སྒོར་ཁྲི་470བཏང་བ་དང་། ས་རྒྱ་མུའུ་10ཟིན་པ། ཧྲུག་ཆག་འཕྲུལ་འཁོར་དང་། རྒྱུ་ཆ་ཞིབ་གཏོང་འཕྲུལ་འཁོར། གཙང་ཁྲུས་འཕྲུལ་འཁོར་སོགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པས། ཉིན་རེར་གད་སྙིགས་སྨི་རྒྱ་དཔངས་གྲུ་བཞི་400ཙམ་གཙང་སེལ་བྱེད་པའི་ནུས་པ་ལྡན་སྟབས་ཨར་སྐྲུན་གད་སྙིགས་གང་བྱུང་དུ་སྤུངས་བ་དང་རང་སྒར་དབོར་ནས་གང་བྱུང་དུ་སྤྱོད་པའི་གནད་དོན་འབྱུང་རྩ་ནས་ཐག་གཅོད་ཐུབ་སྟེ། ཨར་སྐྲུན་གད་སྙིགས“གནོད་མེད་ཅན་དང་། ཉུང་གཏོང་ཅན། ཐོན་ཁུངས་ཅན་བཅས་ཀྱི་ཐག་གཅོད་དང་བེད་སྤྱོད་མངོན་འགྱུར་ཐུབ་ཡོད། ན་ནིང་ཟླ་4པར་ཐོན་སྐྱེད་བྱེད་འགོ་བཙུགས་ཚུན་རིམ་རྩིས་བརྒྱབ་ན། བསྡོམས་ཨར་སྐྲུན་གད་སྙིགས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2.7བསྡུ་རུབ་བྱས་པ་དང་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1.5བེད་སྤྱོད་བྱས་ཡོད།
ཨར་སྐྲུན་གད་སྙིགས་ལག་རྩལ་ཅན་གྱི་བསྐྱར་སྤྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཤིང་། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“ཁེ་ལས་དང་ཚན་རྩལ”ཟུང་འབྲེལ་གྱི་འཕེལ་རྒྱས་གཏོང་སྟངས་ཧུར་ཐག་གཏོད་པ་དང་།“ཧྲུག་ཆག་དང་། ཡག་སྒྲུག དབྱེ་འདེམས། ཆུ་ཁྲུས”བཅས་ཟུང་འབྲེལ་སོགས་ཀྱི་ལག་རྩལ་དང་བཟོ་རྩལ་མང་པོ་བརྒྱུད། ཕྱོགས་གཅིག་ནས་ལས་གྲྭའི་ས་སྙིགས་དང་ཨར་འདམ་རྙིང་པ་སོགས་ཨར་སྐྲུན་གད་སྙིགས་གཙང་སེལ་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་བསྐྱར་སྐྱེས་ཨར་སྐྲུན་རྒྱུ་ཆ་དང་མཛེས་བཟོའི་རྒྱུ་ཆ་སོགས་སྤྱོད་ཆོག་པའི་རྒྱུ་ཆ་སྣ་ཚོགས་གྲུབ་པར་བྱས་པས། སྔོན་དཔག་བྱས་ན། ལོ་རེར་གད་སྙིགས་ས་སྦས་དང་སྤུངས་སའི་ས་ཆ་སྨི་ངོས་གྲུ་4500ཙམ་དང་ཐོན་ཁུངས་ཏུན་24000གྲོན་ཆུང་ཐུབ་སྟེ། ཐོན་ཁུངས་བེད་སྤྱོད་དང་འཁོར་རྒྱུག་བྱེད་ཚད་མཐོ་རུ་ཕྱིན་ནས་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ཀྱི་མ་གནས་དམའ་རུ་འགྲོ་རྒྱུ་རེད། མིག་སྔའི་བར། བསྐྱར་སྐྱེས་རྒྱུ་ཆ་ཁག་ཁྲི་10ཐོན་སྐྱེད་བྱས་པར་ཁེ་སྤོགས་སྒོར་ཁྲི་7བྱུང་བ་དང་སྔོན་དཔག་བྱས་ན་ཁེ་ལས་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་40ཡོང་རྒྱུ་དང་། ཞིང་འབྲོག་པ་15ཙམ་ཐག་ཉེ་ས་དང་སྟབས་བདེ་སར་ཡུན་རིང་ལས་ཀ་བྱེད་རྒྱུ་བྱུང་བ་དང་། ཐོན་སྐྱེད་བྱེད་འགོ་བཙུགས་ཚུན་གླ་ཆ་སྒོར་ཁྲི་18.6སྤྲད་དེ་ཨར་སྐྲུན་གད་སྙིགས་ཕན་པ་གང་ཡང་མེད་པ་ནས་ཕན་པ་ཆེན་པོ་ཐོན་པའི་བར་འགྱུར་ལྡོག་བྱུང་ཡོད།