དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • “ཧོ་པེ་དང་བོད་ལྗོངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ནས་ལས་ཞུགས་ཐུབ་པར་བྱས”ཐེམ་ཁུངས་བོད་ནས་ཡིན་པའི་གཞོན་ནུ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་འཚམས་ལན་ཞུས་པ།

    “ཕྲུ་གུ་100ལྷག་ཙམ་གྱི་ཁྱིམ་བདག་ཚོས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-18

    འདི་ནི་ཁྱིམ་བདག་ཚོས་ཧུའུ་པེ་ཡུན་ཏང་ཚན་རྩལ་ཚད་ཡོད་ཀུང་སིར་ལྟ་སྐོར་བྱེད་བཞིན་པ།

    འདི་ལོའི་ཟླ་1ཚེས་7ཉིན་གྱི་ཞོགས་པར། ཚེ་རིང་ལྷ་མོ་དང་རོགས་པ་ཚོ་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དུ་འབྱོར་ཞིང་། དེ་ནི་བུ་མོ་བསོད་ནམས་ལྷ་མོ་འཚོ་བ་སྐྱེལ་སའི་གྲོང་ཁྱེར་དུ་ཁོང་སྐྱོད་ཐེངས་དང་པོ་ཡིན་པས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

    ཚེ་རིང་ལྷ་མོ་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་ནས་ཡོང་བའི་ཁྱིམ་བདག་ཁྱོན་14ཡོད་ཅིང་། ད་ཐེངས་དབྱི་ཁྲང་དུ་ཡོང་དོན་ནི། བོད་སྐྱོར་ཁེ་ལས་བོད་ལྗོངས་ཆིང་ནོར་ཚོང་འགུག་སྐྱོང་གསོ་གཉེར་སྐྱོང་ཚད་ཡོད་ཀུང་སིས་གཉེར་རོགས་བྱས་པའི་དུས་ཡུན་ཉིན་གསུམ་གྱི“ཧོ་པེ་དང་བོད་ལྗོངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ནས་ལས་ཞུགས་ཐུབ་པར་བྱས”ཐེམ་ཁུངས་བོད་ནས་ཡིན་པའི་གཞོན་ནུ་ལྗོངས་ཕྱིར་ལས་ཞུགས་བྱས་པར་འཚམས་ལན་ཞུ་བའི་བྱེད་སྒོར་ཞུགས་པ་དེ་རེད།

    བུ་མོ་ད་དུང་ཐུག་འཕྲད་བྱུང་མེད་ནའང་ཚེ་རིང་ལྷ་མོའི་སེམས་ལ“འདི་གར་མཁའ་རླུང་དང་ཁོར་ཡུག་ཡག་པོ་འདུག་པས། བུ་མོར་སེམས་ཁྲལ་བྱེད་དགོས་མི་འདུག”སྙམ།

    “འདི་གར་གང་ཅིའི་ཐད་ཡག་པོ་འདུག”

    ཚེ་རིང་ལྷ་མོ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནས་ཡིན་པ་དང་བུ་མོ་བསོད་ནམས་ལྷ་མོ་སློབ་གྲྭ་ཐོན་རྗེས་ལས་ཞུགས་བདེ་བླག་ཐུབ་ཆེད། དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་དང་ས་གནས་དེ་གའི་མི་སྤྱི་སྡེ་ཚན་གྱི་མཐུན་སྦྱོར་འོག་2024ལོའི་ཟླ་7པར་ཧུའུ་པེ་ཧྭ་ཤིན་འོད་གློག་ཚད་ཡོད་ཀུང་སིར་ལས་ཀར་ཕྱིན་པ་རེད།

    ཁྱིམ་བདག་ཚོ་བློ་བདེ་པོ་ཡོང་ཆེད། བོད་སྐྱོར་ལས་དོན་རུ་ཁག་གིས་ཆེད་མངགས་འཚམས་ལན་ཞུ་བའི་བྱེད་སྒོ་སྤེལ་ཡུལ་དེ་གཞོན་ནུ་ཚོ་ལས་ཞུགས་བྱེད་སའི་ཁེ་ལས་སུ་གཏན་འཁེལ་བྱས་ནས་ཁོང་ཚོས་ཁེ་ལས་ཀྱི་རིག་གནས་དང་ལས་ཀའི་རྣམ་པ་ས་གནས་ས་ཐོག་ཏུ་མྱོང་ཚོར་ཐུབ་པར་བྱས་པ་རེད།

    ཧུའུ་པེ་ཧྭ་ཤིན་འོད་གློག་ཚད་ཡོད་ཀུང་སིར་སྐྱོད་སྐབས། ཚེ་རིང་ལྷ་མོ་འགྲེམས་སྒྲོམ་སྟེང་གི་ལག་ཐོགས་ཁ་པར་གྱི་པར་ཤེལ་ལྷུ་ལག་གིས་ཡིད་དབང་རྦད་དེ་འཕྲོག ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར། ཀུང་སིས་གཙོ་བོ་པར་ཤེལ་གྱི་ལྷུ་ལག་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། མིག་སྔར་བོད་རིགས་གཞོན་ནུར་འཚམ་པའི་ལས་ཞུགས་ལས་གནས་50ལྷག་ཙམ་མཁོ་འདོན་བྱས་ཡོད། འདི་གར་གཞོན་ནུ་ཚོར་གཅིག་གཏད་གཅིག་གི་ལས་རིགས་རོགས་སྐྱོར་ཐོབ་པ་མ་ཟད། ད་དུང་ཁང་གླ་སྤྲོད་མི་དགོས་པ་སོགས་ལས་བཟོའི་ཕན་བདེ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ཟླ་རེར་གླ་ཕོགས་སྒོར་6000ནས་7000བར་ཡོད།

    ལྟ་སྐོར་བྱས་ཟིན་རྗེས། ཀུང་སིའི་ཚོམས་ཆེན་དུ་རང་ཉིད་སྒུག་བསྡད་པའི་བུ་མོ་མཐོང་མ་ཐག་ཚེ་རིང་ལྷ་མོ་དགའ་ཐག་ཆོད་དེ་བུ་མོར་དམ་པོར་འཐམ།

    “ཨ་མ་ལགས། ང་འདི་གར་གང་ཅིའི་ཐད་ཡག་པོ་འདུག ཁྱེད་རང་ཐུགས་བློ་བདེ་པོ་གནང་རོགས”ཞེས་བསོད་ནམས་ལྷ་མོས་ཨ་མར་བཤད།

    “ཆེད་ལས་ཀྱི་རྩལ་ནུས་ལ་བརྟེན་ནས་ལས་རིགས་ལ་ཚད་བརྒལ་ཡོང་བར་བྱས་པ”

    ལས་ཀར་ཞུགས་ཚུན། ཨ་མ་ཐུགས་བློ་བདེ་པོ་ཡོང་ཆེད། བསོད་ནམས་ལྷ་མོས་ལས་ཀའི་དཀའ་ངལ་ཨ་མར་ཤོད་ཀྱི་མེད།

    “དང་ཐོག་ངས་རྙོག་འཛིང་ཆེ་བའི་ལས་རིམ་འདི་དག་གསལ་པོ་ཤེས་ཀྱི་མི་འདུག ཟླ་བ་གཉིས་རིང་ངས་དགེ་རྒན་གྱི་ས་ནས་སློབ་སྦྱོང་ཧུར་ཐག་བྱས་པ་ཡིན། ད་ལྟ་ང་རང་གཅིག་པུས་ཤེལ་ལེབ་སྡེར་འཇོག་གི་ལས་ཀ་ལེགས་སྒྲུབ་ཐུབ་པ་མ་ཟད། མྱུར་ཚད་ཀྱང་མགྱོཌ་སུ་འགྲོ་བཞིན་ཡོད”ཅེས་བསོད་ནམས་ལྷ་མོས་བཤད། ན་ནིང་ཟླ་དགུ་པར་བསོད་ནམས་ལྷ་མོ་ཀུང་སིས་ཟླ་རེའི་ཕུལ་བྱུང་ལས་མིར་བདམས་པས། ངའི་གདེང་ཚོད་ཆེ་རུ་ཕྱིན་སོང་། “ངས་མུ་མཐུད་དབྱི་ཁྲང་དུ་ལས་ཀ་ཧུར་ཐག་བྱས་ནས་རང་ཉིད་འཕེལ་རྒྱས་འགྲོ་ཐབས་བྱེད་ཀྱི་ཡིན”ཞེས་བཤད།

    ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ། དབྱི་ཁྲང་གྲོང་ཁྱེར་ཤིས་ལིང་ཆུས་སུ་གནས་པའི་ཧུའུ་པེ་ཡུན་ཏང་ཚན་རྩལ་ཚད་ཡོད་ཀུང་སིས་བོད་ནས་ལས་མི་20བསྡུས་ཡོད།

    ཀུང་སིར་ལྟ་སྐོར་བྱེད་སྐབས། ཚེ་རིང་ལྷ་མོས་མཉམ་དུ་སླེབས་པའི་བསོད་ནམས་གཡུ་སྒྲོན་གྱི་ལག་པ་ནས་ཁྲིད་དེ་བསོད་ནམས་གཡུ་སྒྲོན་གྱི་བུ་ཟླ་ནོར་གྱིས་ཚང་མར་ཀུང་སིའི་ཡིག་ཚགས་ཀྱི་སྐོར་ངོ་སྤྲོད་བྱས་པར་ཉན་པ་རེད།

    “ང་ཚོས་བོད་ཀྱི་གཞོན་ནུ་ཚོར་སྤུས་ལེགས་ཀྱི་ལས་གནས་མཁོ་འདོན་བྱས་པ་དང་། དེ་བས་གལ་ཆེ་བ་ནི་ཁོང་ཚོར་ཡིག་ཚགས་དོ་དམ་དང་། འགྲེམས་སྟོན། ཉམས་གསོ་སོགས་ཕྱོགས་ཁག་གི་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱེད་དུ་འཇུག་པ་དང་། ཁོང་ཚོའི་དགའ་ཕྱོགས་ལ་གཞིགས་ནས་ལག་རྩལ་བསླབ་སྟེ་ས་ཆ་གཞན་དུ་སོང་ཡང་རང་ཉིད་ཀྱི་ཆེད་ལས་ལག་རྩལ་ལ་བརྟེན་ཏེ་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད”ཅེས་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་ཡུས་ལི་རུང་གིས་བཤད།

    ད་ཆ། ཟླ་ནོར་ལ་རང་ཉིད་ཀྱི་ལས་རིགས་ཁ་ཕྱོགས་རྙེད་ཡོད།

    ཟླ་ནོར་གྱིས“ངས་ཡིག་ཚགས་དོ་དམ་ཐད་མུ་མཐུད་སློབ་སྦྱོང་བྱས་ཏེ་སླད་ཕྱིན་ང་ཚོའི་བོད་ལྗོངས་ཡན་ལག་ཀུང་སིར་ལོག་ནས་ལས་ཀ་བྱེད་སྐབས། ཆེད་ལས་ཀྱི་རྩལ་ནུས་ལ་བརྟེན་ཏེ་ལས་རིགས་ལ་ཚད་བརྒལ་ཡོང་བ་བྱེད་འདོད་འདུག”ཅེས་བཤད།

    “ལས་ཞུགས་ཀྱི་ཉམས་མྱོང་གྲོགས་པོ་ཚོར་ཤོད་ཀྱི་ཡིན”

    ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ། ཧུའུ་པེ་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་བཅས་ཡིན་པའི་ཝང་ཡུན་ཆིང་གིས་ལྷོ་ཁ་དང་དབྱི་ཁྲང་གི་ལས་ཞུགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག“དབྱི་ཁྲང་གིས་བོད་ཀྱི་གཞོན་ནུར་སྤུས་ལེགས་ཀྱི་ལས་གནས་དང་ཞབས་ཞུ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། གཞོན་ནུ་ཚོ་ཕྱིར་སྐྱོད་ཚེ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་ཐུབ”ཅེས་བཤད།

    ལས་ཞུགས་བོད་སྐྱོར་དོན་ཐོག་ཏུ་འཁྱོལ་ཆེད། དབྱི་ཁྲང་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དབར་ངལ་ལས་མཉམ་ལས་གྲོས་མཐུན་བཞག་ནས་ཆ་རྐྱེན་དམའ་རུ་གཏོང་བ་དང་། ལས་མིར་གཞིགས་ནས་ལས་གནས་འཛུགས་པ། གནས་གཏན་འཁེལ་གྱི་ལས་མི་བསྡུ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐེམ་ཁུངས་བོད་ནས་ཡིན་པའི་གཞོན་ནུ་176དབྱི་ཁྲང་དུ་ལས་ཞུགས་ཐུབ་པར་བྱས་ཡོད།

    ད་ཐེངས་ཀྱི་འཚམས་ལན་ཞུ་བའི་བྱེད་སྒོའི་ནང་དབྱི་ཁྲང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ཁྱིམ་བདག་གིས་སེམས་ཁྲལ་བྱེད་སར་དེ་བས་དམ་འཛིན་བྱས་ཏེ་ཁྱིམ་བདག་སྒྲིག་འཛུགས་ཀྱིས་ལྗོངས་ཕྱིར་ལྟ་སྐོར་དང་རྟོག་ཞིབ་བྱེད་པའི་རྣམ་པ་བརྒྱུད་ལྗོངས་ཕྱིའི་ཁྲོམ་རར་ལས་ཞུགས་ཐུབ་པ་བྱ་རྒྱུ་དེ་ལྷོ་ཁར་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།