ཚྭ་ལུག་གནའ་ལམ་གྱི“ལུག་ལ་ཞིབ་བཤེར་བྱེད་མཁན”
ཐོ་རེངས་སུ། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་རྩ་གྲངས་ལ་སླེབས་པ་མ་ཟད། ལྷགས་པ་རིམ་པ་བརྒྱད་ཡན་བརྒྱབ་ནའང་། ལེགས་རྩེ་འགག་སྒོའི་ལས་དོན་པ་ལི་ཧོ་ཚུན་གྱིས་ཉིན་རེའི་ལས་འགོ་བཙུགས།
“ས་བབ་མཐོ་བ་དང་རླུང་གནོན་དམའ་བས། འདི་གའི་སྒྲིག་ཆས་བདག་གཉེར་ལ་གཟབ་གཟབ་གསིག་གསིག་བྱེད་དགོས་ཀྱི་འདུག གལ་སྲིད་སྐྱོན་ཕྲན་ཙམ་བྱུང་ཚེ་འགག་སྒོ་སྒྲོལ་རྒྱུར་ཤུགས་རྐྱེན་བཟོ་གི་ཡོད”ཅེས་ལི་ཧོ་ཚུན་གྱིས་བཤད།
2023ལོའི་ཟླ་བཅུ་གཅིག་པར། ལེགས་རྩེ་འགག་སྒོ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཏེ། མིས་སྒལ་པར་ཁུར་བ་དང་ཁལ་མ་དེད་ནས་དངོས་ཟོག་བརྗེ་ཚོང་གི་སྲོལ་རྒྱུན་ཚོང་དོན་བགྲོད་ལམ་དེར་གསོན་ཤུགས་གསར་པ་ཞིག་རྒྱས་འགོ་ཚུགས།
ཤར་རིའི་རྩེ་ནས་ཉི་གཞོན་རིམ་བཞིན་ཤར་བ་དང་བསྟུན་ནས་ནེ་པ་ལའི་མཐའ་མཚམས་ཀྱི་ཡུལ་མིས་རྡོག་ཁྲེས་ཆེ་ཆུང་ལ་མ་བལྟོས་པ་སྒལ་པར་ཁུར་ནས་བང་བསྒྲིགས་ཏེ་འགག་སྒོ་སྒྲོལ་བཞིན་ཡོད།
ལི་ཧོ་ཚུན་གྱིས་Xའོད་འཕྲུལ་བརྒྱུད་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་གྱི་རྡོག་ཁྲེས་དང་། ལྷག་པར་དུ་ཁྱེར་མི་ཆོག་པའི་དངོས་རྫས་རིགས་བླུགས་ཡོད་མེད་ལ་ཞིབ་བཤེར་བྱེད་ཅིང་། དེའི་རིང་། ཁོང་གིས་དེ་ཙམ་བྱང་ཆུབ་པོ་མེད་པའི་ནེ་པ་ལའི་སྐད་ཀྱི་ཐོག་ནས་མཐའ་མཚམས་ཀྱི་ཡུལ་མི་དང་སྐད་ཆ་ཁ་ཤས་ཤོད་རེས་ཀྱིས་ཁོང་ཚོའི་གཟུགས་པོའི་གནས་ཚུལ་དང་འགག་སྒོའི་ལས་ཀར་བསམ་འཆར་གང་ཡོད་ཚུལ་དྲིས།
“མཐའ་མཚམས་ཀྱི་ཡུལ་མི་དེ་དག་ཉིན་ལྟར་འདི་ནས་ཕར་འགྲོ་ཚུར་འོང་བྱེད་སྐབས། གཟུགས་པོའི་བདེ་ཐང་འདུན་ཞུ་རང་འགུལ་འགག་སྒྲོལ་འཛུལ་སྒོ་སོགས་ཀྱི་རིག་ནུས་ཞིབ་བཤེར་སྒྲིག་ཆས་ཀྱིས་ཞིབ་བཤེར་བྱས་རྗེས། མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་བདེ་འཇགས་ལྡན་ལ་ནུས་ཆེའི་སྒོ་ནས་འགག་སྒོ་སྒྲོལ་ཐུབ་ཀྱི་ཡོད”ཅེས་ལི་ཧོ་ཚུན་གྱིས་བཤད།
འབྲོང་པ་རྫོང་ལ་ཚྭ་གཏེར་དང་འབྲོག་ལས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། གནའ་སྔ་མོ་ནས་ཕྱུགས་འཚོ་ཞོར་ཚོང་རྒྱག་པའི་ལོ་རྒྱུས་ད་བར་ཡོད་པ་དེས་ས་མཐོའི་ཚོང་དོན་བགྲོད་ལམ“ཚྭ་ལུག་གནའ་ལམ”སྐད་གྲགས་ཆོད་ཡོད།
ལེགས་རྩེ་འགག་སྒོ་སྒོ་ཕྱེ་བ་ནས་བཟུང་། རྩྭ་ར་དང་ནོར་ལུག་ལ་བརྟེན་པའི་འབྲོག་པ་རྣམས་རང་ཡུལ་གྱི་ས་ཆ་དང་ཁ་འབྲལ་མི་དགོས་ལ། འཚོ་བ་སྐྱེལ་སྟངས་ཀྱང་སྔར་བས་ཕུམ་སུམ་ཚོགས་སུ་ཕྱིན་ཞིང་། གྲངས་གཞི་ལས་མངོན་པར། ལེགས་རྩེ་འགག་སྒོ་སྒོ་ཕྱེ་བ་ནས་བཟུང་། ལུག་མགོ་གྲངས་5400ལྷག་ཙམ་དང་གཏེར་ཚྭ་ཏུན་40ལྷག་ཙམ་ཕྱིར་ཚོང་བྱས་ཡོད།
ཕྱི་དྲོའི་མཚམས་སུ། ལུག་ཁྱུ་གཅིག་འགག་སྒོ་ནས་གཏོང་རྒྱུར་བསྒུགས་ནས་ཡོད། འགག་སྒོའི་ལས་དོན་པ་ལྷག་པ་དོན་གྲུབ་ཀྱིས་ཁ་རས་བརྒྱབ་པ་དང་ལག་ཤུབས་གྱོན་ཏེ་ལུག་ཁྱུའི་ཁྲོད་དུ་བསྐྱོད་ནས་བལ་གྱི་ཁ་མདོག་དང་ལུག་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་མ་ཟད། ལུག་གི་དྲོད་ཚད་ཏག་ཏག་ཡིན་མིན་ལྟ་གི་ཡོད།
“ང་ཚོས་དཔང་འཛིན་ལ་སྔོན་ནས་ཞིབ་དཔྱད་དང་ལུག་སླེབས་རིམ་བཞིན་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འགག་སྒྲོལ་གྱི་ལས་རིམ་ལེགས་སུ་བཏང་བས། འགག་སྒོ་སྒྲོལ་བའི་དུས་ཚོད་ཐུང་དུ་ནུས་ལྡན་གཏོང་ཐུབ་ཡོད”ཅེས་ལྷག་པ་དོན་གྲུབ་ཀྱིས་བཤད་པ་དང་། ཁོང་གིས“ལུག་འདི་དག་གིས་རྒྱལ་ཁབ་གཉིས་པོའི་ཚོང་དོན་འགྲོ་འོང་གི་རེ་བ་མཚོན་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང”ཞེས་བཤད།
འགག་སྒོའི་ཉེ་འཁོར་དུ་བབས་པའི་གངས་ལ་ཉི་འོད་འཕྲོས་ཏེ་འོད་ལྷམ་ལྷམ་དུ་འཚེར་ནས་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་གཞི་འདིར་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་སྦྱིན་པ་དང་གཉིས་སུ་མ་མཆིས། ནེ་པ་ལའི་འགག་སྒོ་སྒྲོལ་མཁན་མཐའ་མཚམས་ཀྱི་ཡུལ་མི་ཁག་མཇུག་ཤོས་དེ་འགག་སྒོ་ནས་བསྒྲལ་རྗེས། ས་གནས་ས་ཐོག་གི་ལས་དོན་པ་གཞི་ནས་ལྷོད་ལ་བབས།
ལེགས་རྩེ་འགག་སྒོའི་ཕྱི་རོལ་དུ་གྲང་ངར་ཤིན་ཏུ་ཆེ་ནའང་། དེ་གར་བརྟན་སྲུང་བྱེད་མཁན་འགག་སྒོའི་ལས་དོན་པ་ཚོས་སྤྱིར་བཏང་གི་ལས་གནས་ཐོག་རང་ཉིད་ཀྱི་ལས་འགན་དང་འགན་འཁྲི་འཁུར་ཕོད་པར་བྱས་ཏེ། དཔྱིད་གསར་དུས་ཆེན་རིང་བསམ་པའི་ཉམས་འགྱུར་གསར་པ་ཞིག་མངོན་བཞིན་ཡོད།