ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་སྤོབས་སེམས་དང་སྤྲོ་སེམས་ཉམས་ལེན་བྱེད་པ།
ཉི་འོད་རི་རྩེར་མ་ཤར་གོང་། ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པའི་བོད་ལྗོངས་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ལེན་ག་གེ་མོ་ཞིག་གི་དམག་སྒར་གྱི་སྒོ་རྩར་འཁྲུག་ཆ་དོད་ཅིང་། མི་བཅུ་གྲངས་ཁ་ཤས་འཕྲལ་དུ་དེ་གར་འཛོམས་འདུག
“རྒན་ལགས་དང་སློབ་གྲོགས་ཚོར་དགའ་བསུ་ཞུ་གི་ཡིན། ད་ལྟ་མིག་ཤེལ་དང་ལག་ཤུབས་ཡག་པོ་གྱོན་ནས་ཐོན་རྩིས་བྱེད་རོགས”
རུ་སྣེ་ཁྲིད་མཁན་འཐབ་འཛིང་པས་སྐད་ཤུགས་ཆེན་པོས་བཀའ་བཏང་མ་ཐག་གྲལ་སྟར་འགྲིག་པོས་ཐོན་འགོ་ཚུགས།
ཁོང་ཚོ་ནི་དམིགས་བསལ་གྱི་སྐུ་མགྲོན་ཞིག་སྟེ། ཆིང་ཧྭ་སློབ་ཆེན་གྱི“ལང་ཚོའི་ས་མཚམས་རྡོ་རིང་། རྒྱལ་ཁབ་ས་ཆའི་མཐའ་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོའི་དགེ་སློབ་ཀྱི་འཐུས་མི་རེད།
“གུང་གསེང་རིང་དགེ་སློབ་སྒྲིག་འཛུགས་བྱས་ནས་དམག་སྒར་དུ་བསྐྱོད་དེ་དམག་ལ་ཞུགས་མཁན་ཆིང་ཧྭའི་སློབ་མར་ལྟ་བར་འགྲོ་རྒྱུ་ནི་སློབ་གྲྭའི་སྲོལ་རྒྱུན་ཞིག་རེད། ད་ཐེངས་རྒན་ལགས་དང་སློབ་གྲོགས་ཚོ་ང་ལ་ལྟ་བར་ཕེབས་བྱུང་། དཔྱིད་གསར་དུས་ཆེན་རིང་དམག་སྒར་དུ་དགེ་སློབ་མཉམ་འཛོམས་བྱུང་བས་ཧ་ཅང་དགའ་པོ་བྱུང”ཞེས་འཐབ་འཛིང་པ་ཧྥེ་ཡེ་ཧྲེང་གིས་གསར་འགོད་པར་བཤད།
དེ་རིང་བསྐྱོད་ས་ནི་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་རི་རྩེ་ཞིག་ཡིན། དགེ་སློབ་ཚོ་ཧྥེ་ཡེ་ཧྲེང་དང་མཉམ་དུ་ཁོང་གི་ལས་སྒྲུབ་བྱ་ཡུལ་དུ་བསྐྱོད། དགེ་སློབ་ཚོ་བརྗིད་ཉམས་ལྡན་ལ་མུ་མཐའ་མེད་པའི་གངས་ཁྲོད་དུ་བསྐྱོད་དེ་འཐབ་འཛིང་པ་ཚོའི་རྒྱུན་གཏན་གྱི་ལས་འགན་སྒྲུབ་ཚུལ་ཤེས་རྟོགས་བྱས།
ཆུ་ཚོད་བཞི་ལྷག་ཙམ་བསྐྱོད་རྗེས་ཁོང་ཚོ་གཞི་ནས་ལས་སྒྲུབ་བྱ་ཡུལ་དུ་འབྱོར།
“བསམ་འདུན་འགྲུབ་སོང་། ངའི་བསམ་འདུན་ནི་ས་མཐོའི་མཐའ་མཚམས་སྐོར་གཡེང་བྱེད་སར་ཐེངས་གཅིག་བསྐྱོད་རྒྱུ་དང་ས་བབ་མཐོ་བའི་གངས་རིར་ཐེངས་གཅིག་འཛེག་རྒྱུ་དེ་ཡིན། ད་ཐེངས་ཀྱི་ཉམས་ལེན་ལས་རང་ཉིད་དམག་མི་ཞིག་བྱེད་པའི་ཕུགས་བསམ་དེ་བས་བརྟན་དུ་ཕྱིན་སོང་། སློབ་གྲྭ་ཐོན་རྗེས། མེས་རྒྱལ་གྱི་དགོས་མཁོ་ཆེ་སར་བསྐྱོད་དེ་ནུབ་རྒྱུད་ས་གཞི་ཆེན་པོར་བྱས་རྗེས་བཞག་ནས་ལང་ཚོ་ཆུད་ཟོས་སུ་གཏོང་གི་མིན”ཞེས་ཆིང་ཧྭ་སློབ་ཆེན་ཧྲེན་ཀྲེན་རྒྱལ་སྤྱིའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཞིབ་འཇུག་སློབ་མ་ཝང་ཡུན་ཉིང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
དགོང་ཟས་བཟས་རྗེས་ཆིང་ཧྭ་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་དངོས་གཞིའི་ཚན་ཁག་གི་ལོ་རིམ་གཉིས་པའི་སློབ་མ་ཝེ་ཡེ་ཧྥན་གྱིས་ལག་ཏུ་མེ་མདའ་ཁྱེར་བའི་ཧྥེ་ཡེ་ཧྲེང་དང་མཚན་མོའི་སྡོད་བྱ་ཐེངས་དང་པོ་དེ་བྱས། “དེ་ནི་ཆེས་དམིགས་བསལ་དང་བརྗེད་པར་དཀའ་བའི་དགུན་ཁའི་གུང་གསེང་ཞིག་ཡིན་ལ། དེ་ག་ནས་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་སྤོབས་སེམས་དང་སྤྲོ་སེམས་ཉམས་ལེན་ཐུབ་བྱུང”ཞེས་ཝེ་ཡེ་ཧྥན་གྱིས་བཤད། (《འོད་ཟེར་ཉིན་རེའི་ཚགས་པར》ལས་བཏུས)