མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོས་ས་རྒོད་ཞིང་ས་གཤིན་པོར་སྒྱུར། ལོ་ལེཌ་སྤྲོ་སྣང་ལོངས་སུ་སྤྱོད།
མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོ་ནི་འབྲོག་ལས་གཙོ་བོར་བྱེད་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་རེད། 2022ལོའི་ཟླ་5པར། ས་གནས་དེ་གའི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་ཆེད། རུ་ཐོག་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ར་བང་ཤང་ལུ་མ་མཁར་གྲོང་ཚོའི་མི་ཐབས་རྩྭ་འདེབས་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པ་རེད། ལོ་དེར་མུའུ་620ཟིན་པའི་གྲོང་ཚོའི་མི་ཐབས་རྩྭ་འདེབས་རྟེན་གཞིའི་ས་ཞིང་ཁོད་སྙོམས་པའི་རྣམ་གྲངས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱི་ལག་རྩལ་པའི་མཛུབ་ཁྲིད་འོག་མུའུ་500ལྷག་ཙམ་གྱི་གཟན་རྩྭ་ཚོད་འདེབས་ལེགས་གྲུབ་བྱུང་བ་རེད།
མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའེ་རུང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཐོག་མར་འདེབས་འཛུགས་ལག་རྩལ་མི་འདང་བ་དང་རྩྭའི་སྣ་ཁ་གཅིག་ལས་མེད་པས་གཟན་རྩྭའི་ཐོན་ཚད་མཐོ་པོ་མེད། དཀའ་ངལ་གྱི་མདུན་དུ་རུ་ཐོག་རྫོང་སྲིད་གཞུང་དང་ཚན་རིག་ཞིབ་འཇུག་ཚོགས་པས་ས་གནས་དེ་གའི་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྩྭ་སོན་མང་པོའི་ཁྲོད་ནས་རྩྭ་ཡུག་གུ་དང་། བྲ་བོ་ནག་ཆུང་། རྩྭ་མུའུ་ཤུའེ་སྨུག་པོ་སོགས་ས་གནས་དེ་གའི་འདེབས་འཛུགས་ལ་འཚམ་པའི་སྤུས་ལེགས་ཀྱི་རྩྭ་སོན་ལྔ་བདམས་ནས་ལུགས་མཐུན་གྱི་འདེབས་འཛུགས་ཇུས་གཞི་ཞིབ་འཇུག་གསར་སྤེལ་བྱས་པས་རྟེན་གཞིའི་ས་རྒྱུའི་གྲུབ་ཆ་དང་སྤུས་ཚད་ལེགས་སུ་ཕྱིན་པ་མ་ཟད། འདེབས་འཛུགས་བྱེད་སྟངས་ཡག་ཤོས་དང་ཆུ་འདྲེན་གྱི་འགག་རྩའི་མཚམས་ཚིགས་ཀྱང་ཁ་གསལ་བཟོས་ཡོད། བྱེད་ཐབས་དེ་དག་ལས་གཟན་རྩྭའི་ཐོན་ཚད་མངོན་གསལ་དོད་པོས་མཐོ་རུ་དང་མུའུ་རེའི་ཐོན་ཚད་དེ་སྔ་ལས་20%ཡན་མཐོ་རུ་ཕྱིན་ཡོད་པ་རེད།
ད་ཆ་ལུ་མ་ཁ་གྲོང་ཚོའི་མི་ཐབས་རྩྭ་འདེབས་རྟེན་གཞིའི་ས་རྒྱུ་ལེགས་སུ་དང་ཁོད་སྙོམས་སུ་ཕྱིན་ནས་མི་ཐབས་ལ་བརྟེན་ནས་རྩྭ་ཡུག་གུ་མུའུ་1510བཏབ་ཡོད། 2024ལོར་རྟེན་གཞིར་ལྗང་རྩྭ་སོས་པ་ཏུན་420དང་རྩྭ་སྐམ་པོ་ཏུན་250བསྡུ་རྒྱུ་བྱུང་ཡོད། རྟེན་གཞི་དེ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་པས་རྩྭ་འདེབས་པ་དང་། ལུད་རྒྱག་པ། ཆུ་གཏོང་བ། རྩྭ་བརྔ་བསྡུ་སོགས་ལྷུ་ཚིགས་རབ་དང་རིམ་པ་ཕྱོགས་ཡོངས་ནས་སྤེལ་ཏེ་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་མུ་མཐུད་རྒྱ་སྐྱེད་བཏང་ཡོད་པ་རེད།
“2024ལོར་གྲོང་ཚོའི་མཉམ་ལས་ཁང་གིས་མ་དངུལ་བཏང་ནས་བཏབ་པའི་མི་ཐབས་རྩྭ་ཡུག་གུའི་སྐྱེ་ཚུལ་ཧ་ཅང་བཟང་པོ་བྱུང་ཡོད། ང་ཚོས་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་ཐོག་མའི་གྲོས་མཐུན་བཞག་ནས་རྩྭ་ཡུག་གུ་ཏུན་200འཚོང་རྩིས་ཡོད། སྔོན་དཔག་བྱས་ན་གྲོང་ཚོའི་མཉམ་ལས་ཁང་ལ་འབབ་འཕར་སྒོར་ཁྲི་45བྱུང་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་འགྲོ་རྒྱུར་སྒུལ་ཤུགས་སྣོན་རྒྱུ་རེད”ཅེས་རུ་ཐོག་རྫོང་ར་བང་ཤང་ལུ་མ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་སྐལ་ལྡན་གྱིས་བཤད།
མི་ཐབས་རྩྭ་འདེབས་རྟེན་གཞི་ཕུད། ལུ་མ་ཁ་གྲོང་ཚོའི་ཁུལ་ལྡན་ར་དཀར་པོའི་གསོ་ཚགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རུ་ཐོག་རྫོང་ར་བང་ཤང་ནི་བོད་ནུབ་བྱང་གི་ཁུལ་ལྡན་ར་དཀར་པོའི་རྟེན་གཞིའི་གྲས་ཤིག་ཡིན་པ་དང་ལུ་མ་ཁ་གྲོང་ཚོའི་ཁུལ་ལྡན་ར་དཀར་པོའི་སྐད་གྲགས་དེ་བས་ཀྱང་རྒྱང་རིང་དུ་གྲགས་པས། ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་དངོས་མང་སྟོན་ཚོགས་ཀྱི“གསེར་གྱི་བྱ་དགའ”སོགས་ཀྱི་གཟི་བརྗིད་ཐོབ་མྱོང་ཡོད། ལུ་མ་ཁ་གྲོང་ཚོའི་སྤུས་ལེགས་ཕྱུགས་རྩྭའི་ཐོན་ཁུངས་ཀྱིས་ཁུལ་ལྡན་ར་དཀར་པོའི་སྐྱེ་འཕེལ་ལ་ཟས་རིགས་འགན་ལེན་བརྟན་པོ་བྱས་ཡོད་ལ། ལུ་མ་ཁ་གྲོང་ཚོའི་ཁུལ་ལྡན་ར་དཀར་པོའི་གསོ་ཚགས་ཐོན་ལས་དེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་ཏུའང་གྱུར་ཡོད།
བློ་བཟང་སྐལ་ལྡན་གྱིས“ང་ཚོས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་དེ་དག་སྔར་བས་ཁྱབ་གདལ་བཏང་ནས་ལྗང་མདོག་ཞིང་ལས་གཏིང་ཟབ་ཏུ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་འགྱུར་བ་བྱས་ནས་གྲོང་མི་ཕྱུག་པོའི་ལམ་ཆེན་ཕྱོགས་སུ་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
འདི་ནི་ལུ་མ་ཁ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་དུམ་བུ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལུ་མ་ཁ་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཏེ་ཐོན་ལས་དར་རྒྱས་དང་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འབྲི་བཞིན་ཡོད།