མཐུན་སྒྲིལ་གླུ་དབྱངས་རྣ་བར་སྙན། ལྷད་མེད་བརྩེ་སེམས་མཚོ་ལས་ཟབ།
—— རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་བསྡུས་རིས།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།
2024ལོ་ཚུན་དུ། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་གཞི་རྟེན་དང་དམ་འཛིན་བྱ་གཞིར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། 2024ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་བོད་ཀྱི་མཉམ་སྡེབ་14ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་དང་མི་སྒེར་15ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”གྱི་མཚན་སྙན་ཐོབ་པ་རེད།
ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཕྱོགས་ཡོངས་ནས་བསྐྲུན་པ།
གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོར་2024ལོའི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་རེད། ནུབ་སྟོད་གྲོང་ཚོར་སྐྱོད་སྐབས་གྲོང་ཚོ་ཨུ་ལྷན་དུ་ཡོད་པའི་དུས་དེབ་དང་། ཚགས་པར། དྲིལ་བསྒྲགས་འགྲེམས་པང་བཅས་ཀྱི་ནང་དོན་ཚང་མ་གསར་ཤོས་ཡིན་པ་མ་ཟད། ད་དུང་རླུང་འཕྲིན་དང་བརྙན་འཕྲིན་སོགས་མང་པོ་ལྟ་ཉན་བྱ་རྒྱུ་ཡོད་པས་མང་ཚོགས་ཚོས་འདི་གར་རང་འགུལ་གྱིས་སློབ་སྦྱོང་བྱེད་པར་ཡོང་གི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ནུབ་སྟོད་གྲོང་ཚོས“ཕྱིར་སྐྱོད་པ”དང“ནང་དུ་འདྲེན་པའི”ཐབས་ལ་བརྟེན་ནས“རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་འབྲེལ”དང་། “སྲིད་ཇུས་དང་ཞབས་ཞུ་ཟུང་འབྲེལ” “དྲིལ་བསྒྲགས་སློབ་གསོ་དང་མངོན་མིན་རིག་གནས་ཤུལ་བཞག་ཟུང་འབྲེལ”སོགས་དྲིལ་བསྒྲགས་སློབ་གསོ་རྒྱག་སྟངས་སྤྱད་དེ་གྲོང་ཚོ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ལས་དོན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད་པ་རེད། གཏན་འཇགས་ཀྱི་འཐབ་ས་ཕུད། ནུབ་སྟོད་གྲོང་ཚོས་ལོ་རེའི“དུས་ཆེན་གསུམ”དང་། “3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ” “གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”སོགས་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་གསར་གཏོད་ངང་སྤེལ་ཞིང་། ལོ་ལྟར་འབྲེལ་ཡོད་བྱེད་སྒོ་ཐེངས་30ལྷག་ཙམ་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་རེད།
ནུབ་སྟོད་གྲོང་ཚོའི་གཏམ་རྒྱུད་ནི་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཕྱོགས་ཡོངས་ནས་བསྐྲུན་པའི་བསྡུས་རིས་ཤིག་རེད། “2024ལོ་ཚུན་དུ། རང་ལྗོངས་ཀྱིས《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་ཀློག་དེབ》ཁྲི་གཅིག་ལྷག་ཙམ་རྩོམ་སྒྲིག་པར་འདེབས་བྱས་ནས་སྤྲད་པ་དང་། རིམ་རྩིས་བྱས་ན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་ཁྲི་1.2ལྷག་ཙམ་སྤེལ་བར་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་300ལྷག་ཙམ་ཟིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིམ་སྤེལ་བརྙན་ཐུང་དང་། འགུལ་བརྙན། དྲིལ་བསྒྲགས་པར་གཞི་སོགས་ཁག་27པར་ལེན་སྒྲིག་བཟོ་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཕྱོགས་ཡོངས་ནས་སྐྲུན་པའི་ལེའུ་གསར་མུ་མཐུད་རྩོམ་བཞིན་ཡོད”ཅེས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་གཞུང་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།
2024ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞིར(གཤམ་དུ“རྟེན་གཞི”ཞེས་བསྡུ་རྒྱུ)“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
ཡུན་ནན་དབྱིས་རིགས་ཀྱི་གཞོན་ནུ་ཧྲ་ཉིའུ་ཧྲེང་ནི་2024ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཞིག་ཡིན་པ་དང་ཁོང་གི་ཞིབ་འཇུག་ཁ་ཕྱོགས་ནི“བོད་རིགས་དང་དབྱིས་རིགས་ཀྱི་བར་ཁྱམས”ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་འགུལ་ཞེས་པ་དེ་རེད། སློབ་གྲྭའི་ནང་ཁོང་དང་ཉལ་ཁང་གཅིག་པའི་མི་རིགས་གཞན་དག་གི་སློབ་གྲོགས་དབར་ཧ་ཅང་འཆམ་པོ་ཡོད་པ་དང་། ཁོང་གིས་སློབ་ཞོར་དུ་ཉལ་ཁང་གཅིག་པའི་སློབ་གྲོགས་ཀྱི་ས་ནས་མི་རིགས་མི་འདྲ་བའི་སྐད་དང་། གླུ་གཞས། ཞབས་བྲོ་སོགས་སྦྱོང་གི་ཡོད། “འཇོན་ཐང་སྣ་གཅིག་ཤེས་ན་མདུན་ལམ་ལ་སེམས་ཁྲལ་མི་དགོས། མི་རིགས་གཞན་དག་གི་རིག་གནས་སློབ་སྦྱོང་དང་ཤེས་རྟོགས་མང་ཙམ་བྱས་ན་ང་ཚོའི་ཞིབ་འཇུག་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད”ཅེས་ཧྲ་ཉིའུ་ཧྲེང་གིས་བཤད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ཐད། 2024ལོར་འབྲེལ་ཡོད་སྡེ་ཚན་གྱིས《2000ལོ་ནས་2020ལོའི་བར་གྱི་བོད་ཀྱི་མི་རིགས་ལོ་རྒྱུས》ཀྱི་དཀར་ཆག་རྩ་གནད་ཀྱི་འབྲེལ་ཡོད་དཔྱད་ཡིག་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་དང་། 《བོད་ཀྱི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དཔྱད་ཡིག་ལེགས་སྒྲིག་དང་ཞིབ་འཇུག》 《བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཕྱོགས་མང་ཐབས་ལམ་ཞིབ་འཇུག》སོགས་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་6ལ་ཞིབ་འཇུག་བྱས་པ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གྱི་གཟུགས་བརྙན་དང་ཀྲུང་ཧྭའི་རིག་གནས་ཀྱི་བརྩམས་ཆོས་རྩེ་གྲ་གསར་རྩོམ་ཁྱབ་སྤེལ་སོགས་འཛུགས་སྐྲུན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། རྫོང(ཆུས་དང་གྲོང་ཁྱེར)74རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་ཐང་ཆེན(ཁྱམས་རིང)བསྐྲུན་ཡོད་པ་རེད།
མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
བོད་ཀྱི་སློབ་འབྲིང་དང་སློབ་ཆེན་ཁག་ཏུ“དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་གི་འཆད་སྟེགས”ཀྱི་བྱེད་སྒོ་ཐེངས་མང་སྤེལ་བ་དང་། འཆད་ཁྲིད་གནང་མཁན་ཚོས་བོད་ས་གནས་དང་མེས་རྒྱལ་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རིགས་པས་ཁུངས་སྐྱེལ་བྱས་པ་དང་། བོད་རིགས་དང་མི་རིགས་གཞན་དག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ཀྱང་གསལ་སྟོན་བྱས་པ་རེད།
རི་ཀླུང་བརྒལ་ཞིང་བརྩེ་བས་ཁེངས་པའི་འཕྲིན་ཡིག་མང་པོ་ཨན་ཧུའེ་ཞིང་ཆེན་མཱ་ཨན་ཧྲན་གྲོང་ཁྱེར་ཧོ་རྫོང་ལི་དབྱང་གྲོང་རྡལ་སློབ་ཆུང་གཉིས་པ་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་སློབ་ཆུང་ལོ་རིམ་བཞི་པ་དང་ལྔ་པའི་སློབ་མའི་ལག་ཏུ་འབྱོར་བ་རེད། འཕྲིན་ཡིག་ནང་། ཧོ་རྫོང་ལི་དབྱང་གྲོང་རྡལ་སློབ་ཆུང་གཉིས་པའི་སློབ་མ་ཚོས་ཕ་ཡུལ་གྱི་ཡུལ་གོམས་གཤིས་ལུགས་དང་། རིག་གནས་གོམས་སྲོལ། མཛེས་སྡུག་ལྡན་པའི་སློབ་གྲྭ་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད། སློབ་སྦྱོང་གི་བློ་སྐྱེད་མཉམ་སྤྱོད་དང་དཔེ་དེབ་ལེགས་གྲས་འོས་སྦྱོར་བྱས་པ་རེད། འཕྲིན་ཡིག་ཆུང་ཆུང་དེ་དག་གིས་འབྲི་ཆུ་དང་ཧོའེ་ཆུའི་འབབ་རྒྱུད་ཀྱི་གཞོན་ནུ་ལོ་ཆུང་དང་གངས་ལྗོངས་ས་མཐོའི་གཞོན་ནུ་ལོ་ཆུང་ཕན་ཚུན་དམ་པོར་སྦྲེལ་བ་རེད། དེ་ནི་སེམས་དང་སེམས་ཀྱི་སྦྲེལ་མཐུད་ཙམ་མ་ཟད། ཚེ་སྲོག་དང་ཚེ་སྲོག་དབར་གྱི་སྦྲེལ་མཐུད་ཀྱང་རེད་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཚོན་ཚུལ་གསལ་པོ་ཞིག་དེ་བས་ཀྱང་རེད། འཕྲིན་ཡིག་སྐུར་རེས་ལས། ཕྲུ་གུ་ཚོས་རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཆེ་ལ་གཏིང་ཟབ་པོ་ཡོད་པ་ཚོར་བ་མ་ཟད། ཁོ་ཚོའི་མཛའ་གྲོགས་ཟབ་ཏུ་ཕྱིན་ནས་མཐུན་སྒྲིལ་ལ་སྐུལ་འདེད་ཀྱང་ཐེབས་ཡོད།