དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་སྣོན་དགོས།

    ཅི་ལི་ཨེར·པ་པ་ཡེ་ཕུའུ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-15

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་20ལྷག་ཙམ་སོང་རིང་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཕྱིན་པ་དང་། གཞི་རྒྱ་ཇེ་ཆེར་དང་། “གྲོགས་ཚོགས”ཇེ་ཆེར། ཤུགས་རྐྱེན་ཇེ་ཆེར་བཅས་ཕྱིན་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་མཁན་གྱི་འགག་རྩའི་སྟོབས་ཤུགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། “ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་ཁྲིད་སྟོན་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་ཕན་ཚུན་དབར་མཛའ་མཐུན་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་བ་དང་། ས་ཁུལ་གྱི་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱས་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་བ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ། ས་ཁོངས་རྩ་འཛུགས་ཀྱི་མཉམ་ལས་དང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བདེ་བླག་བྱས་ཡོད།

    དེང་གི་འཛམ་གླིང་ཡོ་ལང་ཆེ་བ་དང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་མྱུར་པོ་ཕྱིན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། རྒྱལ་ཁབ་རེ་གཉིས་ཀྱིས་རྒྱལ་ཕམ་འགྲན་རྩོད་དང་འཇམ་འཐབ་ཀྱི་བསམ་བློ་ཁྱེར་ཏེ། ས་འབྲེལ་འགྲན་རྩོད་དང་དཔུང་སྒྲིག་འགྲན་རྒོལ་གྱིས་འཁྲུག་རྐྱེན་བསླངས་པ་དང་། ཁྲིམས་དང་འགལ་ཏེ་ཕྱོགས་རྐྱང་པས་བཀག་སྡོམ་བྱས་པ། སྲུང་སྐྱོང་རིང་ལུགས་ཀྱི་བཀག་རྒྱ་མཐོན་པོ་བཟོས་པས། འཛམ་གླིང་ཡོངས་ཀྱི་ཞི་བདེ་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་པ་དང་། ལྷོ་བྱང་བར་གྱི་འགལ་རྐྱེན་རྒྱུན་ཆད་མེད་པར་ཇེ་ཆེར་ཕྱིན་པ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱུང་ཚུལ་བརྟན་པོ་མེད། དུས་བབ་དེ་འདྲའི་འོག རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ། ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཉིད་གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་ཀྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། འགན་འཁྲི་ཁུར་སེམས་དེ་བས་ཆེ་བ་མངོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་དང་། མཐུན་སྒྲིལ་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ན། འཛམ་གླིང་ལ་ངེས་གཏན་རང་བཞིན་དང་དྲང་ནུས་དེ་བས་མང་བ་མཁོ་འདོན་ཐུབ་ངེས་རེད།

    དངོས་སྒྲུབ་མཉམ་ལས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་གལ་ཆེན་མཁོ་འདོན་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་11ལྷག་ཙམ་སོང་ཚུན། དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྐྱེ་སྟོབས་རྒྱུན་ཆད་མེད་པར་མངོན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་མང་ཆེ་བ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་མཁན་ཤ་སྟག་ཡིན་པས། ཕྱོགས་ཁག་གི་གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་དང་ཆབས་ཅིག ཀྲུང་གོས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་བཞིན་ཡོད། དེས་མཉམ་ལས་ལས་སྟེགས་དེ་བས་མང་བ་འཛུགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་པོ་བཏོད་ནས། མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་འདོགས་རྒྱུ་རེད།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་པོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་མཉམ་དུ་འབད་བརྩོན་བྱེད་པའི་ལས་སྟེགས་བཟང་པོ་ཞིག་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་མཐུན་སྦྱོར་མཉམ་ལས་གཏིང་ཟབ་བྱས་ཏེ། རྩ་འཛུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་དང་རིམ་པ་ཁག་གི་སྤེལ་རེས་ཟབ་ཏུ་གཏོང་བ། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དབར་གྱི་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཁོངས་མིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་སྤུས་ཚད་མཐོན་པོས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་བཏང་སྟེ། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་སྣོན་དགོས།

    ཀྲུང་གོས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ཁོངས་སུ་ཚོགས་འདུ་དང་བྱེད་སྒོ་ཁག་100ལྷག་ཙམ་སྤེལ་རྒྱུ་རེད། ཀྲུང་གོས་ཁོངས་མིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”མུ་མཐུད་རྒྱུན་འཁྱོངས་ཀྱིས་ངོས་འཛིན་གཅིག་མཐུན་གསར་པ་བསྡུ་བ་དང་། བྱ་ཐབས་གསར་པ་འདོན་པ། གྲུབ་འབྲས་གསར་པ་ཐོབ་པར་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལམ་སྲོལ་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་བ་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད།

    (རྩོམ་པ་པོ་ཨུ་རུ་སུ་ཚན་རིག་སློབ་གླིང་ཀྲུང་གོ་དང་དེང་རབས་ཨེ་ཤེ་ཡ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།