དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མོ་ཞི་ཁོས་བསྟན་དོན།

    ཨ་རིའི་སྒོ་ཁྲལ་སྲིད་ཇུས་ནི་རྡོ་ཡར་བཀྱགས་ནས་རང་གི་རྐང་པར་གཞུས་པ་རང་རེད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཞི་ཁོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་11ཉིན། མོ་ཞི་ཁོའི་ཙུང་ཐུང་དང་དཔལ་འབྱོར་པུའུ་ཀྲང་གིས་ཨ་རི་སྲིད་གཞུང་གིས་ཨ་རིར་ནང་འདྲེན་བྱས་པའི་ངར་ལྕགས་དང་ཧ་ཡང་ཚང་མར་སྒོ་ཁྲལ་25%བསྡུ་བའི་གཏན་འབེབས་ལ་སྐྱོན་བརྗོད་བྱས་ཏེ། ཨ་རིས་མོ་ཞི་ཁོའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་བསྡུ་བ་དེར“ཁུངས་ལུང་གང་ཡང་མེད་པའི”ངོས་འཛིན་བྱས་པ་མ་ཟད། ཨ་རིར“རྡོ་ཡར་བཀྱགས་ནས་རང་གི་རྐང་པར་མི་གཞུ་རྒྱུའི”ཐ་ཚིག་ཀྱང་བསྒྲགས་པ་རེད།

    ཚེས་11ཉིན། མོ་ཞི་ཁོའི་ཙུང་ཐུང་ཤིན་པའོ་མུའུ་ཡིས་རྒྱལ་ས་མོ་ཞི་ཁོའི་གྲོང་ཁྱེར་གྱི་རྒྱལ་ཁབ་ཕོ་བྲང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། ཨ་རིས་བཏོན་པའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་བསྡུ་བའི་བྱེད་སྟངས་དེས“སུ་ལའང་ཕན་ཐོགས་མེད” མོ་ཞི་ཁོས་ཨ་རི་དང་། མོ་ཞི་ཁོ། ཁ་ན་ཏ་བཅས་ཀྱི་གྲོས་ཆོད་སྒྲོམ་གཞིའི་ནང་ཨ་རིས་ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་ཐོལ་པ་བསྡུ་བར་བསམ་འཆར་གང་ཡོད་འདོན་ཆོག་པ་དང་། སླད་ཕྱིན་ཨ་རི་ཕྱོགས་ལ་སྒོ་ཁྲལ་མེད་པ་བཟོ་རྒྱུའི་གོ་བསྐོན་སློབ་གསོ་མུ་མཐུད་གཏོང་རྒྱུ་ཡིན།

    མོ་ཞི་ཁོའི་དཔལ་འབྱོར་པུའུ་ཀྲང་ཨའེ་པུའུ་ལཱ་ཏེས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། ཨ་རིས་མོ་ཞི་ཁོའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་ཐོལ་པ་བསྡུ་བ་ནི“ཧ་ཅང་རྒྱུན་གཏན་མིན་པའི་བྱེད་སྟངས་ཤིག་རེད” ཨ་རི་དང་། མོ་ཞི་ཁོ། ཁ་ན་ཏ་བཅས་རྒྱལ་ཁབ་གསུམ་གྱི་ཐོན་ལས་འཁོར་སྦྲེལ་ཚད་མཐོའི་མཉམ་འདྲེས་བྱུང་ཡོད། དེའང་རླངས་འཁོར་ཐོན་ལས་ལྟ་བུར་མཚོན་ན། འབྲེལ་ཡོད་ལྷུ་ལག་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་། རྒྱལ་ཁབ་གསུམ་དབར་འགྲོ་འོང་ཐེངས་མང་བྱེད་དགོས་པས། གལ་ཏེ་རྒྱལ་མཚམས་སྒྲོལ་ཐེངས་རེར་སྒོ་ཁྲལ་འཇལ་དགོས་ཚེ། མཐར་རླངས་འཁོར་ཧྲིལ་པོའི་མ་གནས་ཤུགས་ཆེན་འཕར་ངེས་པ་དེས་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ཞན་དུ་འགྲོ་རྒྱུ་རེད།

    མོ་ཞི་ཁོའི་དཔལ་འབྱོར་པུའི་སྤྱི་བསྒྲགས་ལ་གཞིགས་ན། མོ་ཞི་ཁོ་ནི་ཨ་རིའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་ཆེ་ཤོས་དེ་རེད། 2024ལོར་ཨ་རིས་མོ་ཞི་ཁོའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་ཉོ་ཚོང་དྲང་ཁྱད་ཨ་སྒོར་དུང་ཕྱུར་68.97ཟིན་ཡོད་པ་རེད།

    ཨའེ་པུའུ་ལཱ་ཏེས། “ཙུང་ཐུང་ཐེ་རོན་ཕུས་ང་ཚོར་རྟག་ཏུ‘རྒྱུན་ཤེས’གླེང་གི་ཡོད། རྒྱུན་ཤེས་ལས་ང་ཚོར་རྡོ་ཡར་བཀྱགས་ནས་རང་གི་རྐང་པར་གཞུ་མི་རུང་བ་དང་། འདས་ཟིན་པའི་ལོ་40ཡི་རིང་། ང་ཚོས་དཀའ་སྤྱད་འབད་བརྩོན་གྱིས་བཙུགས་པ་ཐམས་ཅད་གཏོར་བརླག་ཏུ་གཏོང་མི་རུང་བ་གསལ་བཤད་བྱས་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།