འཛམ་གླིང་ཡང་རྩེའི་སྟེང་གི“སྐར་དཔྱད་པ”
གསར་འགོད་པ་སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་མཚེའུ་རིར་འབྱོར་ཞིང་དེ་གར་ནི་རང་རྒྱལ་གྱི་ས་བབ་མཐོ་བའི་འཇིག་རྟེན་ཁམས་ཀྱི་ལྟ་ཞིབ་ཚད་འཇལ་ས་ཚིགས“ལ་སོ”གནས་ཡུལ་རེད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཟིན་པའི་འཛམ་གླིང་ཡང་རྩེར་ལུང་སྟོང་མང་བ་དང་སྐར་དཔྱད་པའི་མིག་ནང་དེ་གར་ནི་འཇིག་རྟེན་ཁམས་དང་བར་ཐག་ཉེ་ཤོས་ཀྱི་ས་ཆ་ཞིག་རེད། “ལ་སོ”ནི་རང་རྒྱལ་གྱི་རི་མཐོའི་འཇིག་རྟེན་ཁམས་ཀྱི་ཚོད་ལྟ་ཁང་རབས་གསུམ་པ་དེ་ཡིན།
མིག་སྔར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཚོར་སྐྱེན་རྣོ་ཤོས་བཅས་ཀྱི་འཇིག་རྟེན་ལྟ་ཞིབ་ཚད་འཇལ་ས་ཚིགས་ཤིག་ཡིན་པའི་ངོས་ནས“ལ་སོ”བསྐྲུན་པར་བྱང་ཆུབ་པའི་ཚད་ལྡན་གྱི་དཔྱད་གཞི་གང་ཡང་མེད་ཅིང་། ཚན་ཞིབ་པ་མང་པོས་རྟོག་ཞིབ་ཡོ་བྱད་ཐོན་སྐྱེད་དང་། སྒྲིག་སྦྱོར། སྙོམས་སྒྲིག་ཚོད་ལྟ། ཚད་གཞི་གཏན་འཁེལ་སོགས་ཀྱི་ལྷུ་ཚིགས་ཁག་ནང་ཞུགས་ཡོད།
“ལ་སོ”འཁོར་རྒྱུག་ཐུབ་པ་དེ་ཡང་འཛམ་གླིང་ཡང་རྩེར་བརྟན་སྲུང་བྱེད་པའི་བཀོལ་སྤྱོད་བདག་སྐྱོང་པ་ཁྱུ་གཅིག་དང་ཁ་འབྲལ་ཐབས་མེད་ཅིང་། ངའི་བཅར་འདྲི་བྱ་ཡུལ་བསོད་ནམས་དར་འབྲུག་གིས་གཙོ་བོ་རྒྱང་ཤེལ་གྱི་རྒྱུན་གཏན་སྲུང་སྐྱོང་ལས་འགན་འཁུར་གྱི་ཡོད།
ལོ་ཤས་གོང་དུ་ཧྲང་ཧའེ་རུ་ལས་ཀ་བྱེད་མྱོང་བའི་བསོད་ནམས་དར་འབྲུག་གིས་འདབ་པར“ལས་གྲྭ་ཆེན་པོ”ཞིག་སྐྲུན་ཉེར་ཡོད་པ་ཤེས་འཕྲལ་འཕྲུལ་གློག་སྒྲིག་ཆས་ཉམས་གསོའི་ཉམས་མྱོང་ཡོད་པའི་ཁོང་ཕ་ཡུལ་དུ་ལོག་ནས“ལ་སོའི”བཀོལ་སྤྱོད་བདག་སྐྱོང་བའི་ལས་འགན་འཁུར། ད་ལོ་ནི་དར་འབྲུག་གིས“ལ་སོར”ལས་ཀ་བྱས་ནས་ལོ་བཞི་སོང་བ་དང་། ཁོང་ད་ཆ“དགེ་རྒན་རྒན་གྲས”ཤིག་ཏུ་གྱུར་ཡོད།
“ལ་སོར”ཞིབ་འཇུག་གྲུབ་འབྲས་གལ་ཆེན་ཐོབ་རིམ་བཞིན་ཚན་རིག་མཁས་ཅན་ཚོས་དར་འབྲུག་དང་དགའ་སྣང་མཉམ་སྤྱོད་བྱེད་ཀྱི་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྲས་སུ་མཚེའུ་རིའི་རི་སྟེང་གི་ལས་དོན་པ་ཕུད་ད་དུང་ཀྲུང་གོ་ཚན་རིག་ཁང་གི་ནུས་ཆེའི་དངོས་ཁམས་ཞིབ་འཇུག་སུའོ་དང་ཐེན་ཧྥུའུ་འཇིག་རྟེན་ཁམས་ཞིབ་འཇུག་ལྟེ་གནས་སོགས་ཀྱི་ཚན་ཞིབ་ཚན་པའི་རིགས་གཅིག་མཁས་ཅན་རྣམས་ཡོད་པ་རེད།
འདབ་པར་ཟླུམ་གཟུགས་ཉི་འོད་འཕྲོ་གློག་གི་བརྙན་གྲུབ་རྒྱང་ཤེལ་དང་སྨི་2.5ཡི་མཐོང་རྒྱ་ཆེ་བའི་དབྱེ་འབྱེད་ནུས་ཆེའི་ཉི་འོད་རྒྱང་ཤེལ་སོགས“འཇིག་རྟེན་ཁམས་ལ་ལྟ་དཔྱད”བྱེད་པའི་ཚན་རིག་ཆེན་པོའི་སྒྲིག་ཆས་མང་པོ་ཞིག་བསྐྲུན་ཟིན་པའམ་ཡང་ན་སྐྲུན་ཉེར་ཡོད་པ་དང“སྐར་དཔྱད་པ”དེ་བས་མང་བའི་ཕུགས་འདུན་ཡང་དེ་གར་མངོན་འགྱུར་ཐུབ་རྒྱུ་རེད།