གངས་ལྗོངས་ས་མཐོ་ནས་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ར་བར།
ཚེ་བརྟན་གཡུ་སྒྲོན་གྱིས་གངས་ཤུད་རི་འཛེག་འགྲན་བསྡུར་ལ་ཧུར་ཐག་ཞུགས་པ།
འདི་ནི་ཚེ་བརྟན་གཡུ་སྒྲོན་འགྲན་བསྡུར་ལ་ཞུགས་བཞིན་པ།
ཟླ་2ཚེས་9ཉིན། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་ཐོན་པ་རེད།
ཚེ་བརྟན་གཡུ་སྒྲོན་གྱིས་གངས་ཤུད་རི་འཛེག་བུད་མེད་ཀྱི་ཐག་ཐུང་རྣམ་གྲངས་འགྲན་བསྡུར་ནང་སྐར་མ་2དང་སྐར་ཆ་55དང་གྲངས་ཆུང་88ཀྱི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མ་བླངས་པ་རེད། དེ་ནི་བོད་ཀྱི་ལུས་རྩལ་པར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས(ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས)ཐོག་ཐོབ་པའི་གསེར་གྱི་རྟགས་མ་དང་པོ་དེ་རེད།
འགྲན་བསྡུར་ཚར་རྗེས་ཚེ་བརྟན་གཡུ་སྒྲོན་གྱིས“ངས་འགྲན་རའི་ཐོག་ནུས་ཤུགས་ཡོད་ཚད་བཏོན་པ་ཡིན། འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་ཟུངས་ནུས་ལུགས་མཐུན་ངང་བཏོན་པ་མ་ཟད། འགྲན་ལམ་གྱི་ཁྱད་ཆོས་གཞིར་བཟུང་དེ་མཚུངས་ཀྱི་མྱུར་ཚད་སྙོམས་སྒྲིག་བྱས་པ་ཡིན། ལྷུ་ཚིགས་ཚང་མར་ཆུ་ཚད་ཡག་ཤོས་འདོན་ཐུབ་པའི་བརྩོན་ལེན་བྱས་པ་ཡིན”ཞེས་བཤད།
“ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་བདམས་པའི་བོད་ཀྱི་ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཨང་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། རྒྱལ་ཁབ་ཀྱིས་ང་ལ་གོ་སྐབས་ཡག་པོ་འདི་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱིས་ང་གསོ་སྐྱོང་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། ད་དུང་ཆེད་ལས་ཚོགས་པས་ང་ཚོར་གོ་རིམ་ལྡན་པའི་སྦྱོང་བརྡར་དང་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནི་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་རེད”ཅེས་ཚེ་བརྟན་གཡུ་སྒྲོན་གྱིས་བཤད།
རང་ཉིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ལེཌ་སུ་གཏོང་ཆེད། ཚེ་བརྟན་གཡུ་སྒྲོན་གྱིས་རྟག་ཏུ་སྐྱེས་པའི་རུ་ཁག་དང་མཉམ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད། དེ་ཐོག་ནས་སྦྱོང་བརྡར་གྱི་བླང་བྱ་དེ་བས་མཐོ་བ་དང་དེ་བས་ནན་པ་མཚོན་གྱི་ཡོད། དགེ་རྒན་གྱིས་སྐབས་འགར་སེམས་མི་བཟོད་པར་ཁོ་མོ་ངལ་གསོ་རྒྱག་ཏུ་བཅུག་མོད། འོན་ཀྱང་ཁོ་མོས་ཨུ་ཚུགས་ཀྱིས་མུ་མཐུད་སྦྱོང་བརྡར་བྱེད་ཀྱི་ཡོད། ངལ་དུབ་ག་ཚོད་བྱུང་ཡང་མུ་མཐུད་འབད་བརྩོན་བྱས་ཏེ་གཏན་འཁེལ་བྱས་པའི་སྦྱོང་བརྡར་གྱི་ལས་འགན་ལེགས་སྒྲུབ་བྱེད་ཀྱི་ཡོད། དཀའ་ལས་ཤིན་ཏུ་ཆེ་བའི་སྐབས་སུ་ཁོ་མོས་རང་ཉིད་ལ“ངས་སྦྱོང་བརྡར་གྱི་ལས་འགན་ལེགས་སྒྲུབ་བྱེད་ཐུབ་ངེས་རེད”ཅེས་ལྕག་སྐུལ་ཡང་ཡང་བྱེད་ཀྱི་ཡོད།
ལོ་དེ་དག་ནང་ཚེ་བརྟན་གཡུ་སྒྲོན་གྱིས་རྒྱལ་སྤྱིའི་གངས་ཤུད་འགྲན་བསྡུར་ནང་ཨང་དང་པོ་ཐེངས་མང་བླངས་ཡོད། 2023ལོའི་ཟླ་2པའི་སི་ཕེན་གྱི་གངས་ཤུད་རི་འཛེག་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁྲོད། ཁོ་མོར་U18ཚོགས་ཆུང་གི་མི་སྒེར་གྱི་རི་ཀླུང་གངས་ཤུད་འགྲན་བསྡུར་དང་དྲང་འཕྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་དང་པོ་གཉིས་ཐོབ་པ་དང་། 2024ལོའི་ཟླ་3པའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་ལེཌ་སྐྱེས་འགྲན་བསྡུར་ནང་བུད་མེད་ཀྱི་ཐག་ཐུང་དང་། དྲང་འཕྱང་མྱུར་ཚད་འགྲན་བསྡུར། མི་སྒེར་གྱི་རི་ཀླུང་གངས་ཤུད། མཉམ་འདྲེས་རྒྱུག་མཐུད་བཅས་རྣམ་གྲངས་བཞིའི་ཨང་དང་པོ་ཐོབ་ཡོད།
བོད་ལྗོངས་རི་འཛེག་རུ་ཁག་གི་རུ་དཔོན་གཞོན་པ་ངག་དབང་བཀྲ་ཤིས་ཀྱིས་གསར་འགོད་པར། ཚེ་བརྟན་གཡུ་སྒྲོན་ལ་འགྲན་བསྡུར་གྱི་ཉམས་མྱོང་ཕུན་སུམ་ཚོཌ་པོ་ཡོད་པས། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ཐོག ཆུ་ཚད་ཡག་པོ་བཏོན་ཐུབ་ཡོད་ཅེས་བཤད།
“ཚེ་བརྟན་གཡུ་སྒྲོན་གྱི་གྲུབ་འབྲས་ནི་ལྷན་སྐྱེས་ཀྱི་ཤེས་རབ་དང་འབད་བརྩོན་ཟུང་འབྲེལ་བྱས་པ་ལས་ཐོབ་པ་ཞིག་རེད། ཁོ་མོར་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད་མོད། འོན་ཀྱང་སྔར་བཞིན་སྦྱོང་བརྡར་ཧུར་ཐག་བྱེད་ཀྱི་ཡོད། མ་འོངས་པར་ཁོ་མོས་འགྲན་སློང་མང་པོ་ཞིག་བསུ་ངེས་རེད”ཅེས་ངག་དབང་བཀྲ་ཤིས་ཀྱིས་བཤད།