འདི་གར་ཡང་ངའི་ཁྱིམ་ཡིན།
ཟླ་2ཚེས་2ཉིན་གྱི་ཞོགས་པར། རི་འདབས་སུ་ཉི་འོད་རབ་ཏུ་འཕྲོས་ནས་གསེར་མདོག་གི་གྱོན་གོས་བཀླུབས་པ་ལྟར་སྣང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གཏིང་སྐྱེས་ཤང་ལ་བྱང་གྲོང་ཚོའི་ཨ་མ་བུ་ཁྲིད་ཀྱིས་ལྷས་རའི་སྒོ་ཕྱེ་མ་ཐག ཐག་མི་རིང་བའི་ས་ནས་མི་ཞིག་གིས་ལག་ཏུ་ཅ་ལག་མང་པོ་འཁྱེར་ཏེ་རང་ཉིད་ཀྱི་ཕྱོགས་སུ་ཡོང་བ་མཐོང་།
“ང་རང་གཉེན་ཉེ་ཐུག་པར་ཡོང་བ་ཡིན། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས་ངས་ཨ་མ་བུ་ཁྲིད་ལགས་ཀྱིས་གཙོས་པའི་ནང་མི་ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན”ཞེས་གཏིང་སྐྱེས་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥེང་ཞའོ་ཏུང་གིས་ལག་ཏུ་འཁྱེར་བའི་འབྲས་དང་། གྲོ་ཞིབ། བཟའ་སྣུམ་བཅས་ས་ལ་བཞག་པ་དང་འཛུམ་དམུལ་དམུལ་ངང་དེ་ལྟར་བརྗོད།
ཧྥེང་ཞའོ་ཏུང་གིས་གསར་འགོད་པར“ཡུན་རིང་མ་སོང་གོང་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། དིང་རི་དང་ས་སྦྲེལ་ཡིན་པའི་གཏིང་སྐྱེས་རྫོང་ལའང་གནོད་འཚེ་ཕོག་ཡོད། དེར་བརྟེན་ང་ཚོའི་ཤང་གི་ལས་བྱེད་པས་ནུས་ཤུགས་ཡོད་རྒུས་གེགས་སེལ་བྱས་པ་དང་དཔྱིད་གསར་དུས་ཆེན་རིང་དགོངས་པ་ཞུ་མཁན་གཅིག་ཀྱང་མེད་པར་ཉིན་ལྟར་གནོད་འཚེ་ཕོག་པའི་དུད་ཚང་དང་དཀའ་ངལ་ཡོད་པའི་མང་ཚོགས་དང་དཀའ་སྡུག་མཉམ་མྱོང་བྱས་པ་ཡིན། མང་ཚོགས་ཀྱི་འཚོ་བ་ཡག་ཏུ་སོང་བ་མཐོང་སྐབས་ང་ཚོའི་སེམས་གཞི་ནས་ལྷོད་ལ་བབས་སོང”ཞེས་བརྗོད།
2018ལོར་ཧོ་ནན་གྱི་ཕོ་གཞོན་ཧྥེང་ཞའོ་ཏུང་ཧྲང་ཆིའུ་དགེ་འོས་སློབ་གླིང་ནས་སློབ་མཐར་ཕྱིན། མེས་རྒྱལ་གྱི་མཐའ་མཚམས་ལ་ཡིད་སྨོན་འཆང་བའི་ཁོང་གིས་བོད་ཀྱི་ཆེད་དོན་བསྡུ་ལེན་འཆར་གཞིའི་ནང་ཞུགས་ནས་བོད་ལྗོངས་གཞིས་རྩེར་ལས་ཀ་བྱས། གནམ་སྔོན་སྤྲིན་དཀར་དང་གངས་རི་རྩྭ་ཐང་གི་ཡུལ་ལྗོངས་མཛེས་པས་ཁོང་ལ་བསུ་མ་ཡོད་ལ། ལ་དུག་རྒྱག་པ་དང་སྐད་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་མང་པོའང་འཕྲད་ཡོད།
གཏིང་སྐྱེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་བྲག་ཕུག་དགོན་པ་དང་། གནའ་བོའི་ལྷ་ཁང་། གནའ་བོའི་མཁར་རྫོང་སོགས་རྗེས་ཤུལ་མང་པོ་ཡོད། ལྷག་པར་དུ་ལོ་ངོ་300ལྷག་ཙམ་གྱི་ཆར་རླུང་བརྒྱུད་པའི་གཏིང་སྐྱེས་རྫོང་མཁར་ལ་ངོ་མཚར་ཆེ་བའི་ཉམས་འགྱུར་ལྡན། ཧྥེང་ཞའོ་ཏུང་འདི་གར་སླེབས་ནས་ཡུན་རིང་མ་སོང་བར་ལས་གྲོགས་ཚོ་དང་མཉམ་དུ་ཤང་ཡོངས་སུ་བརྟག་ཞིབ་བྱེད་པར་བསྐྱོད་དེ“གནའ་བོའི་མཁར་རྫོང་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས”པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རིམ་གྱིས་གཏན་འཁེལ་བྱས།
སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱེད་པ། དྲིལ་བསྒྲགས་བརྙན་ལམ་པར་ལེན་བྱེད་པ་སོགས་གཏིང་སྐྱེས་མཁར་རྫོང་ལྟེ་བར་བྱེད་པའི་ཡུལ་སྐོར་ལམ་ཐིག་གི་གྲགས་པ་མགྱོགས་མྱུར་གང་སར་ཁྱབ།
དེ་ལྟར་ཤོད་ཀྱིན་ཡུལ་མི་འགྱུར་མེད་ཀྱི་ཁྱིམ་དུ་འབྱོར་བ་དང་། ཁོང་གིས་སེམས་རྩ་འཁོལ་པོས་གསར་འགོད་པ་དང“ཀྲུའུ་ཞི་ཧྥེང་ལགས”རང་ཁྱིམ་དུ་གདན་དྲངས།
ཧྥེང་ཞའོ་ཏུང་གིས་གསར་འགོད་པར་བྱེད་ཐབས་སྣ་མང་སྤྱད་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད་ང་ཚོས“ཡུལ་སྐོར་དང་ཞིང་ལས་གལ་ཆེ་མཉམ་དུ་འཛིན་ཏེ་ཡུལ་བབ་དང་བསྟུན་ནས་ཕྱོགས་སྒྱུར་དམ་འཛིན་བྱས་པ་ཡིན”རང་བྱུང་གྲོང་ཚོར་སོན་བཟང་རྟེན་གཞི་ཐོག་མར་ཁྱབ་གདལ་བཏང་ནས་ཤང་ཡོངས་ཀྱི་འདེབས་འཛུགས་ལས་རིགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད། རྨོ་ལུང་གྲོང་ཚོའི“གམ་པའི་ལུག”གི་ཞིང་འབྲོག་པའི་ཆེད་ལས་གསོ་ཚགས་མཉམ་ལས་ཁང་དང་ལ་བྱང་གྲོང་ཚོའི་འབྲི་གཡག་གསོ་ཚགས་མཉམ་ལས་ཁང་སོགས་མཉམ་སྡེབ་དཔལ་འབྱོར་ཐོན་ལས་ལ་ཕན་འབྲས་ཐོན་ནས་ཡུལ་མིའི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་བརྗོད།
ཧྥེང་ཞའོ་ཏུང་གིས“ད་ཆ་ང་རང་གཏིང་སྐྱེས་ལ་བརྩེ་བ་སྔར་བས་ཟབ་ཏུ་སོང་ཞིང་། ལོ་འདི་དག་ནང་དཔྱིད་གསར་དུས་ཆེན་གཏོང་རིམ་ང་ལ་ཕ་ཡུལ་དུ་ལོ་གསར་གཏོང་བར་སྐྱོད་མེད་དམ་ཞེས་འདྲི་མཁན་མང་པོ་འདུག་པས་ངས་འདི་གར་ནི་ངའི་ཁྱིམ་ཡང་ཡིན་ཞེས་ལན་རྒྱག་གི་ཡོད”ཅེས་བརྗོད།
(《འོད་ཟེར་ཉིན་རེའི་ཚགས་པར》གྱི་2025ལོའི་ཟླ་2ཚེས་10ཉིན་གྱི་པར་ངོས་01ནས་བརྒྱུད་འགོད་བྱས)