དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཚད་གཞི་མཐོ་བའི་ས་ཞིང་འཛུཌ་སྐྲུན་རྣམ་གྲངས་ལ་དངུལ་བུན་སྒོར་ཁྲི་19040བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-15

    ཉེ་ཆར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས《བོད་ཀྱི་དོན་དངོས་ལ་གཞིགས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་བསམ་འཆར》བཏོན་ནས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་དབྱེ་རིགས་དབྱེའི་བྱ་ཐབས་སྤྱད་པ་བརྒྱུད་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་དངུལ་རྩའི་ཞབས་འདེགས་གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་སྒོ་ནས་སྒྲུབ་པར་སྐུལ་འདེད་བཏང་སྟེ། བོད་ཀྱི་ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་དངུལ་རྩའི་ནུས་པ་གང་ལེགས་བཏོན་ཡོད།

    《བསམ་འཆར》ནང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུ་ནི“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”འཐབ་ཇུས་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དངུལ་ཁང་ཁག་གིས་གོང་འཕེལ་གྱི་མིག་རྒྱང་ལ་བརྟེན་ནས་སྣ་མང་ཅན་གྱི་མ་དངུལ་གྱི་དགོས་མཁོར་དམ་པོར་དམིགས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་དང་འགན་ཁུར་གྱི་འདུ་ཤེས་ཟབ་ཏུ་བཏང་ཐོག རང་འགུལ་ངང་རིམ་ཁག་སྲིད་གཞུང་དང་མཐུན་སྦྱོར་གཏིང་ཟབ་བྱས་ནས་དངུལ་རྩའི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    《བསམ་འཆར》ནང་གསར་གཏོད་རང་བཞིན་གྱི་མ་འཇོག་རྣམ་པའི་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱེད་མཁན་གྱི་རྫོང་ལ་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུ་མཁོ་འདོན་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། ཚང་མ་ནོར་སྲིད་མ་དངུལ་ལ་བརྟེན་ནས་ས་གནས་འཛུགས་སྐྲུན་བྱེད་མཁན་གྱི་རྫོང་ལ་སྦྲེལ་ཐག་ཧྲིལ་པོའི་ཞབས་འདེགས་ཞུ་དགོས་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ནང་ཞུགས་མཁན་གྱི་དཔེ་གསར་ཞིང་ལས་གཉེར་སྐྱོང་བྱེད་པོར་འཛུགས་སྐྲུན་དང་གཉེར་སྐྱོང་ཐད་གཞི་གཅིག་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྐོང་བར་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་ཞབས་ཞུ་གནད་ལ་འཁེལ་པོས་ཞུ་དགོས་པའི་མཛུབ་སྟོན་བྱས་ཡོད།

    《བསམ་འཆར》ནང་རིམ་པ་གཉིས་པའི་ཡན་ལག་དངུལ་ཁང་ཁག་གིས་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་དང་། ས་གནས་དེ་གའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་འཆར་འགོད་ལ་དམ་པོར་དམིགས་ནས། འཛུགས་སྐྲུན་གྱི་རྣམ་པ་དང་མ་དངུལ་འཇོག་སྟངས་ཀྱི་འགྱུར་བ་ཁོང་དུ་གཏིང་ཟབ་ཆུད་པར་་བྱས་ཏེ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཅིག་གྱུར་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོའི་ཟླ་དང་པོའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཚད་གཞི་མཐོ་བའི་ས་ཞིང་འཛུཌ་སྐྲུན་གྱི་རྣམ་གྲངས་ལ་དངུལ་བུན་སྒོར་ཁྲི་19040བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།