སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གྱིས། དུས་རབས་གསར་པར་ལེའུ་གསར་བརྩམས།
བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་སྐོར་བཀོད་པ།
འདི་ནི་འཁོར་ཆགས་གྲོང་ཚོའི་ལྷ་མོ་ཚོགས་པས་འཁོར་ཆགས་ཀྱི་ལྷ་མོ་འཁྲབ་བཞིན་པ།
འདི་ནི་སྤུ་ཧྲེང་གི་རྒྱན་གོས་ཡིན་པ།
མངའ་རིས་སྤུ་ཧྲེང་།
སྲོལ་རྒྱུན་རིག་གནས་ཤུལ་བཞག་གིས། དུས་རབས་གསར་པར་ཉམས་འགྱུར་མངོན།
“འཛམ་གླིང་གི་ཡང་རྩེའི་ཡང་རྩེ”ཞེས་གྲགས་པའི་མངའ་རིས་སུ་སྤུ་ཧྲེང་རྫོང་ནི་མཐའ་མཚམས་ཀྱི་མུ་ཏིག་ལྟར་དུ་སྣང་། དེ་གར་རིག་གནས་ཀྱི་ནང་དོན་ཟབ་པ་དང་། མངོན་མིན་རིག་གནས་ཤུལ་བཞག་དང་། མཐའ་མཚམས་ཉོ་ཚོང་རིག་གནས། ཁྱད་ལྡན་ཐོན་ལས་བཅས་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་སྔར་བཞིན་བཀྲག་མདངས་རབ་ཏུ་འཚེར།
སྤུ་ཧྲེང་རྫོང་སྲིད་གཞུང་གནས་ས་ནས་ལྷོ་ཕྱོགས་སུ་སྤྱི་ལེ་10ལྷག་ཙམ་བསྐྱོད་རྗེས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་འཁོར་ཆགས་གྲོང་ཚོར་འབྱོར། གནའ་བོའི་འཁོར་ཆགས་ཀྱི་ལྷ་མོ་འཁོར་ཆགས་གྲོང་ཚོར་དར་ཁྱབ་ཆེ་ཞིང་། སྤུ་ཧྲེང་གི་སྲོལ་རྒྱུན་གཏམ་རྒྱུད་དང་དམངས་ཁྲོད་ཤོད་རྒྱུན་གྱི་རྒྱུན་མཐུད་འཁྲབ་ཚན་དང་དེ་བཞིན་ཁྱད་ཆོས་ཟབ་མོ་ལྡན་པའི་འཁོར་ཆགས་ལྷ་མོ་ནི་གྲོང་མི་ཚོའི་ངལ་གསོའི་རིང་གི་རོལ་རྩེད་བྱེད་སྒོ་གལ་ཆེན་ཞིག་རེད།
འཁོར་ཆགས་ཀྱི་ལྷ་མོ་ཙམ་མ་ཟད། སྤུ་ཧྲེང་ལ་ད་དུང་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཡོད་པ་དཔེར་ན། སྤུ་ཧྲེང་གི་རྒྱན་གོས“ལུས་ལ་གྱོན་པའི་མངོན་མིན་རིག་གནས་ཤུལ་བཞག”དང་། དེ་བཞིན་སྤུ་ཧྲེང་གི་གོར་རྩེད་དང་། “ཡར་གསུམ་པའི”ཆང་གཞས། “ཁྲལ་གླུ” རྨ་བྱའི་ཞབས་བྲོ་སོགས་རེད།
ད་ཆ་སྤུ་ཧྲེང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། མིག་སྔའི་བར་སྤུ་ཧྲེང་རྫོང་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་2དང་རྒྱུན་འཛིན་པ་1དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་13དང་རྒྱུན་འཛིན་པ་2 ས་ཁུལ་དང་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་9དང་རྒྱུན་འཛིན་པ་9 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་10དང་རྒྱུན་འཛིན་པ་30བཅས་ཡོད་པ་རེད།
མཐའ་མཚམས་ཉོ་ཚོང་ནི་སྤུ་ཧྲེང་རྫོང་གི་ལོ་རྒྱུས་དང་དེང་རབས་མཉམ་འདྲེས་ཀྱི་ཁྱད་ཆོས་ཆེན་པོ་གཞན་ཞིག་རེད། འདས་ཟིན་པའི་ལོ་ཟླར་ཕྱིར་མིག་ལྟ་སྐབས། ལོ་ངོ་སྟོང་གི་གོང་མངའ་རིས་བྱང་རྒྱུད་ཀྱི་འབྲོག་ཁུལ་མང་ཚོགས་ཀྱིས་ཡུལ་དེའི་ཚྭ་ཁྱེར་ཏེ་རྒྱ་གར་དང་ནེ་པ་ལའི་ཚོང་པ་དང་འབྲུ་རིགས་བརྗེ་པོ་བརྒྱབ་པ་ནས་བཟུང་སྐད་གྲགས་ཆོད་པའི“ཚྭ་ལུག་ཚོང་ལམ”ཆགས། ལོ་ངོ་500ཡི་གོང་རྒྱ་གར་དང་ནེ་པ་ལའི་མཐའ་མཚམས་མི་སེར་སྤུ་ཧྲེང་རྫོང་བཤད་འཕེལ་གླིང་དགོན་པའི་རི་འདབས་ཀྱི་བྲག་ཕུག་ནང་སྡོད་པ་དང་ཚོང་གཉེར་བྱས་པས་དེ་གར་ཐང་ཀ་ཁྲོམ་ར་ཆགས་ཡོད།
གནའ་གྲོང་སྤུ་ཧྲེང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་གྲོང་གསེབ་དར་རྒྱས་ཟུང་དུ་འབྲེལ་ཏེ། ཞིང་ལས་ཐོན་ཁུངས་དང་དམངས་སྲོལ་ཁྱད་ཆོས་ལ་བརྟེན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བརྩམས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་མཆིས།
འདི་ནི་པང་གཅལ་གོང་སྡེ་ཁུལ་ཡིན་པ།
གཞིས་རྩེའི་པང་གཅལ་གོང་སྡེ་ཁུལ།
ཁྲོམ་གཞུང་རྙིང་པར་སྲུང་སྐྱོང་བྱས། ལོ་རྒྱུས་རིག་གནས་གསོན་ཉམས་དོད།
པང་གཅལ་གོང་སྡེ་ཁུལ་དུ་སྐྱོད་སྐབས་བོད་བཟོའི་སྲོལ་རྒྱུན་གྱི་གྲོང་མིའི་སྡོད་ཁང་གྲལ་སྟར་སྒྲིག་པོས་རི་གཤམ་དུ་ཆགས་ཡོད། དེ་གར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་རྣམས་ཞི་ལྷོད་འཆམ་མཐུན་ངང་མཉམ་དུ་སྡོད་བཞིན་ཡོད་ཅིང་། ཆང་སྙོལ་བ་དང་། ཤིང་བཟོ་གཏོང་བ། སྤོས་བཟོ་བ་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད།
པང་གཅལ་གོང་སྡེ་ཁུལ་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ནུབ་ཁྲོམ་གཞུང་རྙིང་པར་གནས་པ་དང་། བཀྲས་ལྷུན་དགོན་དང་བསམ་གྲུབ་རྩེ་མཁར་རྫོང་འབྲེལ་བའི་སྡོད་ཁུལ་གལ་ཆེན་ཞིག་ཡིན་ལ། གཞིས་རྩེའི་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་ཞིག་ཀྱང་ཡིན། དེའི་ཁྲོད་པང་གཅལ་གོང་སྡེ་ཁུལ་གྱི་བོད་ཁྲོམ་ནི་བསམ་གྲུབ་རྩེ་ཆུས་ཀྱི་ལོ་རྒྱུས་ཐོག་གི་ཚོང་ལས་ལྟེ་གནས་དང་ཚོང་དོན་བསྡུ་འགྲེམས་ལྟེ་གནས་སྔ་ཤོས་དེ་ཡིན།
བོད་ཁྲོམ་ཧྲིལ་པོའི་གཞི་ཁྱོན་ཆེན་པོ་མེད་པ་དང་གཞོགས་གཉིས་སུ་ཁྲོམ་བཀྱག་ཆུང་ངུས་ཁེངས་ཤིང་། ཁྲོམ་བཀྱག་ཆུང་ངུ་དེ་དག་གི་ཐོག་ཏུ་སྣ་མང་ཕུན་སུམ་ཚོགས་པའི་བོད་བཟོའི་རྒྱན་གོས་དང་ཚོང་ཟོག་ཙག་ཙིག་བསྒྲིགས་ཡོད་པ་དེ་དག་ལས་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་བོད་ཀྱི་རིག་གནས་མངོན་ཡོད།
2021ལོར《གཞིས་རྩེའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་གི་སྲུང་སྐྱོང་འཆར་འགོད》དང《གཞིས་རྩེའི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གི་སྲུང་སྐྱོང་འཆར་འགོད》གཞིར་བཟུང་། བསམ་གྲུབ་རྩེ་ཆུས་སྲིད་གཞུང་གིས་བརྡ་ཐོ་བཏང་ནས་པང་གཅལ་གོང་གི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གི་ལྟེ་བའི་སྲུང་སྐྱོང་ཁྱབ་ཁོངས་སྔར་བས་གསལ་པོ་བཟོས་པ་དང་། “པང་གཅལ་གོང་གི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་གི་ལྟེ་བའི་ཁུལ་ཕྱིའི་གྲོང་མིའི་སྐྲུན་དངོས་མཐོ་ཚད་སྨི་7ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ”དང“སྔར་ཡོད་ཀྱི་ཁང་པའི་རྨང་གཞིའི་ཚོས་གཞི་དང་ཕན་ཚུན་གཅིག་གྱུར་བྱ་རྒྱུ”“ལོ་རྒྱུས་རིག་གནས་ཁྲོམ་གཞུང་གི་སྲུང་སྐྱོང་འཆར་འགོད་གཞིར་བཟུང་སྡོད་ཁང་འཛུགས་སྐྲུན་གྱི་ཞིབ་མཆན་ལག་བསྟར་བྱ་རྒྱུ”སོགས་ཀྱི་ནང་དོན་ནན་བཤད་བྱས་ནས། ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་སྲུང་སྐྱོང་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱས་ཡོད།
ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་གི་སྲུང་སྐྱོང་འཆར་འགོད་དང་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་སྲུང་སྐྱོང་འཆར་འགོད་སོགས་འབྲེལ་ཡོད་འཆར་འགོད་སྒྲིག་བཟོ་བྱས་པ་བརྒྱུད། པང་གཅལ་གོང་སྡེ་ཁུལ་ལ་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་། ལོ་རྒྱུས་རྗེས་ཤུལ་སྲུང་སྐྱོང་། ལོ་རྒྱུས་ཀྱི་དྲན་ཤེས་ཉར་ཚགས་བཅས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་གྱི་བསམ་ཕྱོགས་ཤིག་ཆགས་ནས་ཁྱད་ལྡན་ཁྲོམ་གཞུང་གོ་རིམ་ལྡན་པའི་ངང་སྲུང་སྐྱོང་དང་རིམ་སྤོར་བྱས་ཏེ་པང་གཅལ་གོང་སྡེ་ཁུལ་ལ་ལོ་རྒྱུས་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་འགན་ལེན་བྱས་ཡོད།
འདི་ནི་ལྷ་རི་གྲོང་རྡལ་གྱི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
ནག་ཆུའི་ལྷ་རི་གྲོང་རྡལ།
ལོ་རྒྱུས་རིག་གནས་མཉམ་འདྲེས་ལས། ཡིད་དབང་འཕྲོག་ཤུགས་གསར་པ་མངོན།
ཉི་ལ་རི་བོ་དང་ལུ་གུ་ལ་རི་བོ་སོགས་རི་བོ་མང་པོ་ཞིག་གི་དབར་དང་། གྲོག་རོང་ནང་ཆུ་བོ་མང་པོ་འདུས་ཁུལ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་ནག་ཆུ་གྲོང་ཁྱེར་གྱི་གནའ་བོའི་གྲོང་རྡལ་ལྷ་རི་གནས་ཡོད།
ལྷ་རི་གྲོང་རྡལ་ནི་ས་མཐོའི་དར་གོས་ལམ་བུ་དང་། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ། དུས་རབས་རིམ་བྱུང་གི་དཔོན་དམག་བོད་དུ་སྐྱོད་པའི་ལམ། དེ་བཞིན་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་ཐིག་བཅས་ཀྱི་ས་ཚིགས་གལ་ཆེན་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ལོ་རྒྱུས་དཔྱད་གཞི་ཞིབ་ཚགས་ཤོས་དང་། ཤུལ་བཞག་ཕུན་སུམ་ཚོགས་ཤོས། རིག་གནས་ཟབ་ཤོས་བཅས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད།
དཔའ་བོའི་ལམ་བུ་བརྒྱུད་ལྷ་རི་གནའ་གྲོང་དུ་སྐྱོད་སྐབས་གཞོགས་གཉིས་ཀྱི་གྲོང་མིའི་སྡོད་ཁང་ནི་རྡོ་ལེབ་རེ་རེ་བྱས་ཏེ་བསྐྲུན་པ་ཞིག་ཡིན་པས་གནའ་ཉམས་དོད། སྒེའུ་ཁུང་དཀར་ཆ་དོད་པ་དང་ཁང་པ་ཚ་སོབ་སོབ་ཅིག་ཡོད། གྲོང་ཚོའི་དབུས་སུ་སྐྱོད་སྐབས་ཀོན་ཡོན་གེ་སར་ལྷ་ཁང་གི་རྗེས་ཤུལ་དང་། སྔོན་གཤེགས་དཔའ་བོའི་བང་སོ། གནའ་ལམ་གྱི་སྒྲིག་གཤོམ་ཁང་བཅས་རེ་རེ་བཞིན་མིག་ལམ་དུ་མངོན། རི་ཁུག་ཏུ་གནས་པའི་གྲོང་རྡལ་ཆུང་ངུ་དེས་གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས་ཀྱི་རྨང་གཞི་དང་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་བ་དང་རིག་གནས་ལ་དགའ་པོ་བྱེད་མཁན་མང་པོའི་ཡིད་དབང་བཀུག་ཡོད།
ལྷ་རི་རྫོང་གི་གནའ་ལམ་གྱི་ལོ་རྒྱུས་དང་གསར་བརྗེའི་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་རྨང་གཞི་བརྒྱུད་རིམ་ལྡན་པའི་ངང་སྔོག་འདོན་དང་། གསེད་བཀྲོལ། འགྲེམས་སྟོན་བཅས་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་མཚོན་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ལྷ་རི་རྫོང་གིས“ལྷ་རིའི་གནའ་ལམ་གྱི་ལོ་རྒྱུས་དང་གསར་བརྗེའི་རིག་གནས”བརྗོད་དོན་གཙོ་བོར་བྱས་ཏེ་ལྷ་རི་གྲོང་རྡལ་དུ་ཆེད་དོན་སྒྲིག་གཤོམ་ཁང་ཞིག་བསྐྲུན་པ་རེད།
གནའ་ལམ་དར་བ་ལས་འགྲིམ་འགྲུལ་ལ་འགྱུར་ལྡོག་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ལམ་349ཁྲོན་བོད་དཀྱིལ་ལམ་ལྷ་རི་བརྒྱུད་དགོས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་ཇུས་འགོད་བྱས་པའི་ཡུལ་སྐོར་གྱི་ཁྱབ་ཚུལ་གསར་པའི་ཐོག་ནས་ལྷ་རིའི་ལྟེ་བའི་གནས་བབ་སླར་ཡང་མངོན་པ་དང་། ཤར་ནུབ་དང་ལྷོ་བྱང་སྦྲེལ་མཐུད་ཐུབ་སྟེ་ཡུལ་སྐོར་གྱི་མཚམས་ཚིགས་དང་དམིགས་ས་གལ་ཆེན་ཡིན་པའི་ལྷ་རིའི་གནའ་བོའི་ལོ་རྒྱུས་ཀྱི་འཆར་སྣང་དང་གནའ་ལམ་གྱི་འོད་སྟོང་གསར་པ་སླར་ཡང་མངོན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རིའི་ཀོ་ཆུ་ཤང་ནས་རྙེད་པའི་བྲག་བརྐོས་རི་མོའི་ཤུལ་བཞག་ཁག་གཉིས་ལས་ལྷ་རིའི་གནའ་ལམ་གསར་དུ་གཏོད་པའི་དུས་འགོའི་ལོ་རྒྱུས་དང་། ཆིང་རྒྱལ་རབས་དུས་ཀྱི་ཁྲོན་བོད་གཞུང་ལམ་གྱིས་མི་རིགས་མཉམ་འདྲེས་ཀྱི་གསེར་ཟམ་གྱི་ནུས་པ་གལ་ཆེན་བཏོན་པའི་བར་དང་། མི་སེར་རྒྱལ་ཁབ་དུས་རབས་ཀྱི་ཇ་རྟའི་ཚོང་དོན་འགྲོ་འོང་ལས་བྱུང་བའི་ཚོང་ལས་དར་རྒྱས་བར། དེ་རྗེས་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་ནས་ལྷ་རིའི་གནའ་ལམ་དུས་རབས་ཀྱི་ཁྱད་ཆོས་ལྡན་པར་བྱས་པའི་བར་བཅས་ལོ་རྒྱུས་ཀྱི་དུས་མཚམས་ཁག་ནང་ལྷ་རི་ནི་ས་མཐོ་དང་ཀྲུང་ཡོན་འབྲེལ་བའི་འགྲིམ་འགྲུལ་བར་ཁྱམས་དང་མཐོ་ས་གལ་ཆེན་ཞིག་ཡིན་པ་དང་འབྲེལ། གཏན་འཇགས་ཀྱི་གཞུང་ལམ་དང་། ཚོང་ལམ། ཡུལ་སྐོར་ལམ་བུ་སོགས་མང་པོ་ཞིག་ཆགས་ཡོད་པ་རེད།
བོད་བྱང་ཐང་གི“སྔོ་ལྗང་མཛེས་ལྗོངས་ཁུལ”དང“བོད་ཀྱི་ཁྱད་ཆོས་ལྡན་ཤོས”ཀྱི་མཛེས་ལྗོངས་འདུ་འཛོམས་ཁུལ། ས་མཐོའི་དཔྱིད་འཚོལ་ས་གཤིས་ལྷ་རིའི་ཡིད་དབང་འཕྲོག་ཤུགས་བཅས་ནི་བོད་བྱང་ཐང་དང་རི་མཐོའི་གྲོག་རོང་སོགས་ས་ངོས་ཆགས་ཚུལ་མི་འདྲ་བ་གཅིག་ཏུ་འདྲེས་པའི་རི་ཀླུང་གི་མཛེས་པ་ནས་བྱུང་བ་དང་། ལྷ་ས་སྐྱིད་ཆུ་དང་ཡིད་འོང་གཙང་པོའི་ཆུ་འགོའི་གངས་འཁྱགས་བཞུར་བའི་ཆུའི་འཚོ་བཅུད་དང་ས་གནས་བཞི་དང་རྫོང་བརྒྱད་མཉམ་བསྡུས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ནས་བྱུང་བ་ཞིག་རེད།