དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཞིང་ཆེན་སྒྲོལ་བའི་ཕྱིར་སྐྱོད་གླ་པ་ཁག་དང་པོ་རྡོག་ཐོན་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་མཚོ་བོད་ལྕགས་ལམ་ཀུང་སི་སོགས་ཚན་པ་དང་མཉམ་དུ་ཟི་ལིང་མེ་འཁོར་བབས་ཚུགས་སུ“གཙང་གསུམ་ཆུ་འགོའི་བཟོ་བོ་རྒྱང་ལམ་གསར་པར་ཐོན། ལེ་དབར་སྟོང་ལ་ལས་གཏོད་བྱེད་པར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་མཚོ་སྔོན་ཞིང་ཆེན་གྱི“གཅིག་གཏད་གཅིག་དང་གཅིག་འཐུས་རྣམ་པའི”ཞིང་ཆེན་སྒྲོལ་བའི་ཕྱིར་སྐྱོད་གླ་པ་རྡོག་ཐོན་གྱི་མཛད་སྒོ་འཚོགས་ཏེ། ཁག་དང་པོའི་གླ་པ་རྒྱུག་མཁན་200ལྷག་ཙམ་ཧྥུའུ་ཅན་དང་ཨན་ཧུའེ་སོགས་ཀྱི་ཁེ་ལས་སུ་གླ་པ་རྒྱུག་པར་ཐོན་པ་རེད།

    “གཅིག་གཏད་གཅིག་དང་གཅིག་འཐུས་རྣམ་པའི”ཞིང་ཆེན་སྒྲོལ་བའི་ཕྱིར་སྐྱོད་གླ་པ་རྡོག་ཐོན་གྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ནུས་ཆེ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་ཞུགས་གཞན་སྒྱུར་ཡོང་བར་སྐུལ་མ་གཏོང་ཆེད་ཡིན་པ་རེད། ཞིང་ཆེན་ཡོངས་ཀྱི་མི་སྤྱི་སྡེ་ཚན་གྱིས་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་གནས་བརྗེ་རེས་བྱེད་མང་བའི་སྐབས་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ཀྱི་འགག་རྩའི་དུས་ལ་དམ་འཛིན་བྱས་ཏེ། དཔལ་འབྱོར་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་ལས་མི་སྤྱོད་པའི་ཆ་འཕྲིན་བསྡུ་རུབ་ཀྱིས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། ཧྥུའུ་ཅན་དང་ཨན་ཧུའེ་སོགས་ས་ཁུལ་གྱི་གླ་ཕོགས་ཀྱི་ཐོབ་ཆ་དང་ལས་མི་སྤྱོད་པའི་ཁོར་ཡུག་བལྟོས་བཅས་ཀྱིས་ལེགས་པའི་ལས་གནས་1800ལྷག་ཙམ་གདམ་གསེས་ཐོག་མར་བྱས་ཡོད། ལས་གནས་ཀྱི་དགོས་མཁོ་དང་མི་སྒེར་གྱི་འདོད་འདུན་ལ་གཞིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་རྩལ་ནུས་གསོ་སྦྱོང་བྱས་ཏེ་སྦྱོང་བརྡར་ནང་ཞུགས་མཁན་ལ་ལག་ཤེས་སྣ་གཅིག་ཁོང་དུ་ཆུད་པར་བྱས་ནས་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་རོགས་བྱས་ཡོད། རིམ་ཁག་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་དང་ངལ་ནུས་ཀྱི་བར་ཁེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཤང་དང་། གྲོང་རྡལ། གྲོང་ཚོ། སྡེ་ཁུལ་བཅས་ལ་བསྐྱོད་ནས་ལས་ཞུགས་ཀྱི་དགོས་མཁོའི་གནས་ཚུལ་ཤེས་རྟོགས་ཀྱིས་གླ་པ་རྒྱུག་མཁན་གྱི་ངལ་རྩོལ་ལོ་ཚད་དང་རྩལ་ནུས་ཀྱི་ཆུ་ཚད་ལ་གཞིགས་ནས་ལས་གནས་ཀྱི་ཆ་འཕྲིན་གནད་ལ་འཁེལ་པོས་བཏང་བས། ལས་མི་དང་ལས་གནས་མཐུན་སྒྲིག་བྱེད་ཚད་དང་གླ་པ་རྒྱུག་མཁན་གྱི་ཧུར་བརྩོན་རང་བཞིན་གཉིས་ཀ་ཆེ་རུ་ཕྱིན་ཡོད།

    ད་ཐེངས་ཀྱི་བྱེད་སྒོས་ཕྱིར་སྐྱོད་གླ་པ་ཚང་མར་སྲིད་ཇུས་ཀྱི་ལག་དེབ་སོགས་མི་སེམས་དྲོ་བའི་ལག་རྟགས་གྲ་སྒྲིག་བྱས་པ་མ་ཟད། རིན་མེད་སྐྱེལ་བསུའི་སྤྱི་སྤྱོད་རླངས་འཁོར་སྒོ་རྩར་བཀོད་སྒྲིག་བྱས་པ་དང་རླངས་འཁོར་ལ་སྡོད་པའི་ཐོགས་མེད་བགྲོད་ལམ་བཏོད་པ། སྐྱེལ་སྲུང་ཆེད་མི་མངགས་པ་དང་འབྲེལ་བཟོ་གྲྭར་བཅའ་སྡོད་བྱེད་པར་ཞབས་ཞུ་འགན་ལེན་བྱས་པས། ཁྱིམ་ནས་ཐོན་པ་དང་བཟོ་གྲྭར་སླེབས་རྒྱུར་འབྲེལ་མཐུད་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འགོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཁྲི་4.6ལས་ཞུགས་གཞན་སྒྱུར་ཐུབ་ཡོད། ཞིང་ཆེན་ཡོངས་ཀྱི་མི་སྤྱི་སྡེ་ཚན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ“ལས་ཞུགས་རོགས་སྐྱོར་ཟླ་བ”དང“དཔྱིད་རླུང་བྱ་སྤྱོད”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྒྲིག་འཛུགས་བྱས་ནས་ཆེད་དོན་ལས་མི་བསྡུ་བ་དང་། ལས་གནས་སྤྲོད་པ། རྩལ་ནུས་གསོ་སྦྱོང་། ཐད་གཏོང་བརྒྱུད་ལས་གནས་ངོ་སྤྲོད་བྱེད་པ་སོགས་ཀྱི་བྱེད་སྒོར་བརྟེན་ནས་དུས་ཆེན་རྗེས་མང་ཚོགས་གཅིག་སྡུད་ལས་ཞུགས་བྱེད་མང་བའི་དུས་ཚོད་དམ་འཛིན་བྱས་ཏེ། རང་འགུལ་ངང་སྲིད་ཇུས་དང་། ཞབས་ཞུ། ལས་གནས་བཅས་མཁོ་འདོན་བྱས་ཏེ། མི་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་དབར་འབྲེལ་མཐུད་བྱེད་རོགས་དང་ལས་སྟེགས་ཡག་པོ་བཙུགས་པས་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།