གངས་ལྗོངས་ས་མཐོར་སློབ་གསོའི་ལས་ལ་རྩེ་གཅིག་ཏུ་གཞོལ་བ།
མཚོ་སྔོན་ཞིང་ཆེན་རྩེ་ཁུག་རྫོང་མི་རིགས་སློབ་འབྲིང་དང་པོའི་དེ་སྔའི་སློབ་སྤྱི་ཅང་ཝུའེ་ཡི་སྐོར་བཀོད་པ།
འདི་ནི་2023ལོའི་ཟླ་4པར། ཅང་ཝུའེ་ཡིས་རྩེ་ཁུག་རྫོང་མི་རིགས་སློབ་འབྲིང་དང་པོར་སློབ་ཚན་ཁྲིད་བཞིན་པ། (པར་འདི་བཅར་འདྲི་བྱ་ཡུལ་གྱིས་མཁོ་འདོན་བྱས)
འདི་ནི་2024ལོའི་ཟླ་3པར། ཅང་ཝུའེ་ཡིས་སློབ་མར་ཨང་རྩིས་ཟུར་ཁྲིད་བྱེད་བཞིན་པ། (པར་འདི་བཅར་འདྲི་བྱ་ཡུལ་གྱིས་མཁོ་འདོན་བྱས)
ཐོ་རེངས་ཆུ་ཚོད་ལྔ་པར། རྩེ་ཁུག་རྫོང་དུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་25ཡི་གྲང་རླུང་འུར་འུར་ལྡང་བ་དང་ཆབས་ཅིག་ཁ་བ་བུ་ཡུག་ཚུགས། “དགེ་རྒན་གྱི་ཉལ་ཁང་ནས་སློབ་གྲྭའི་བར་ལམ་ཐག་སྤྱི་ལེ་2.4ཙམ་ཡོད་ཅིང་། དགུན་དུས་སུ་ལམ་ཆུང་དེར་ཁ་བ་མང་པོ་བབས་ནས་འགྲོ་འཆག་བདེ་པོ་མེད” དེ་ནི་ཅང་ཝུའེ་ཡི་ལོ་གཉིས་རིང་གི་མཚོ་སྐྱོར་ལམ་བུར་ཕྱིར་དྲན་བྱེད་རིང་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སྐབས་ཤིག་རེད་ལ། ས་གནས་དེ་གའི་མཚོ་སྐྱོར་དགེ་རྒན་ཚང་མའི་ཉིན་ལྟར་གྱི་ལས་ཀའི་དངོས་མཚོན་ཞིག་ཀྱང་རེད།
པོ་ཧའེ་རྒྱ་མཚོའི་འགྲམ་ནས་མཚོ་བོད་ས་མཐོའི་བར་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁུག་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་སྤྱི་ནས་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་ཡོན་དབྱང་གྲོང་ཁྱེར་སློབ་འབྲིང་གི་སློབ་སྤྱིའི་བར། ཅང་ཝུའེ་ཡིས་དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་སུ་བརྟན་པོར་བཅངས་ནས་གངས་ལྗོངས་ས་མཐོ་དང་རྒྱ་མཚོའི་འགྲམ་གྱི་གྲོང་ཁྱེར་དབར“སེམས་སྦྲེལ་ཟམ་པ”བཙུགས་ཡོད།
2022ལོའི་ཟླ་7པར། ལོ་51ལ་སླེབས་པའི་ཅང་ཝུའེ་ས་བབ་མཐོ་ཚད་སྨི་3700ཡོད་པའི་རྩེ་ཁུག་རྫོང་དུ་ཐོག་མར་འབྱོར་སྐབས། མགོ་ན་བ་དང་། མཚན་གང་གཉིད་མི་ཁུག་པ། མཆུ་ཏོ་སྨུག་པོར་གྱུར་པ། གཟུགས་པོའི་ཤུགས་ཟད་པ་བཅས་ཀྱི་ས་མཐོར་མི་འཕྲོད་པ་ཤུགས་ཆེན་བྱུང་ཡོད་མོད། འོན་ཀྱང་ཁོང་གིས་ཕྱིར་གཞོལ་གཏན་ནས་མ་བྱས་པར“སློབ་གསོ་ནི་ཕྲུ་གུ་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་ཉག་གཅིག་དེ་རེད”ཅེས་ཤོད་ཀྱི་ཡོད།
སློབ་སྤྱི་དང་སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་ལས་དོན་གྱི་གཙོ་འགན་འཁུར་བ་ཕུད། ཅང་ཝུའེ་ནི་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་དྲུག་པའི་ཨང་རྩིས་དགེ་རྒན་ཡང་རེད། “གཟའ་ཉི་མའི་དགོང་མོའི་ཆུ་ཚོད་བདུན་པར་སློབ་ཁྲིད་ཐོག་ཁང་གི་བར་ཁྱམས་སུ་ཅང་ཝུའེ་ཡིས་ཆུ་ཚོད་གསུམ་རིང་གི་དགོང་མོའི་རང་སྦྱོང་བརྟན་སྲུང་བྱེད་པ་མཐོང་རྒྱུ་ཡོད། སློབ་མ་ཚང་མས་ཁོང་ལ་དགའ་པོ་བྱེད་ཅིང་། སློབ་ཚན་གྲོལ་མ་ཐག་སློབ་མ་ཚོས་ཁོང་གི་མཐའ་སྐོར་ནས་ཨང་རྩིས་རྩིས་གཞིའི་སྐོར་འདྲི་གི་ཡོད་པས། ཨང་རྩིས་ཡག་པོ་སྦྱོང་བའི་ཕྲུ་གུ་ཚོའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ཡོད”ཅེས་འཛིན་གྲྭའི་ཀྲུའུ་རེན་ཀླུ་མོ་མཚོས་དྲན་གསོ་བྱེད་བཞིན་དུ་བཤད།
“རྩིས་གཞི་འདི་ཁག་པོ་མི་འདུག ང་ཚོས་ག་ལེར་བརྩིས་ན་བརྩི་ཐུབ” ན་ནིང་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པའི་པད་མ་མཚོས་རྒན་ཅང་ལགས་ཀྱི་སྐད་ཆ་དེ་ད་དུང་སེམས་སུ་བརྟན་པོར་ངེས་ཡོད། སློབ་མ་ཚོའི་ཁྲོད་ཡོངས་ཁྱབ་ཏུ་གནས་པའི“ངག་ལ་བཟུང་མང་བ་དང་རྩིས་རྒྱག་ཉུང་བའི”སྣང་ཚུལ་ལ་དམིགས་ཏེ། ཅང་ཝུའེ་ཡིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས“ཨང་རྩིས་ཡིན་ཕྱིན་ཉིན་ལྟར་རྩིས་རྒྱག་པའི”སློབ་ཁྲིད་བྱེད་སྟངས་སྤྱད་དེ་སྦྱོང་དེབ་མཐུག་པོ་ལྗང་ཁུ་ཞིག་ཡོད་པ་དང་མདུན་ཤོག་ཏུ“གོམ་པ་རེ་རེ་བྱས་ནས་སྦྱོང་བ་དང་། སྐད་ཆ་མང་ཙམ་འདྲི་བ། རྨང་གཞིར་མཐོང་ཆེན་བྱེད་པ། ཡར་རྒྱས་བྱུང་ཡོད་མེད་ལ་ལྟ་བ”སོགས་བྲིས་ཡོད། པད་མ་མཚོའི་ཉིན་ལྟར་སྤྱོད་པའི་དེབ་ཐོག་ཏུ་སྤྱི་འགྲོས་ཀྱིས་ཁེངས་ཡོད།
“ཅང་ཝུའེ་ཡིས་དགེ་སློབ་ཚོའི་དཀའ་ངལ་ཆུང་ཆུང་ཡིན་ཡང་གནད་ལ་འཁེལ་པོས་ཤེས་རྟོགས་བྱས་ཏེ་སེམས་ལ་བཞག་ནས་ནུས་ཤུགས་ཡོད་རྒུས་སེལ་ཐབས་བྱེད་ཀྱི་ཡོད” སློབ་མ་ཚོར་ཉིན་ལྟར་ཞོགས་ཟས་སྒོ་ང་རེ་ཡོད་པ་བྱེད་པ་ནས་འབྲས་རྒྱ་མ་4000འགན་ལེན་བྱེད་པའི་བར་དང་། སྒྲོག་ཙེ་དང་རྐུབ་སྟེགས་གསར་རྐྱང་ནས་སྲིང་བལ་གྱི་གྱོན་གོས་དང་འཐུང་ཆུའི་འཕྲུལ་འཁོར་འགན་ལེན་བྱེད་པའི་བར། “སློབ་མ་ཚང་མར་ངོ་གནོང་མི་དགོས་པ་བྱེད་དགོས”ཞེས་རྟག་ཏུ་བརྗོད་ཀྱི་ཡོད་པའི་སློབ་སྤྱི་ཅང་ཝུའེ་ཡི་ལག་ཐོགས་ཁ་པར་ནང་ཞལ་འདེབས་འབུལ་མཁན་50ལྷག་ཙམ་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས་ཉར་ཡོད་ཅེས་རྩེ་ཁུག་རྫོང་མི་རིགས་སློབ་འབྲིང་དང་པོའི་དེ་སྔའི་ཧྲུའུ་ཅི་རིན་ཆེན་ཚེ་རིང་གིས་མྱོང་ཚོར་ཟབ་མོས་བཤད།
“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ། ཤེས་བྱའི་མེ་སོན་ས་མཐོར་ནམ་ཡང་མཆེད་ཐུབ་པར་བྱེད་དགོས” “ནམ་ཡང་གནས་ཐུབ་པའི”དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱེད་ཆེད། ཅང་ཝུའེ་ཡིས་ཐེན་ཅིན་ནས་ཡོང་བའི་རོགས་སྐྱོར་དགེ་རྒན་12ཡོད་པ་ཚང་མས་དགེ་ཕྲུག་རེ་ཉར་དགོས་པའི་སྐུལ་སློང་བྱས་ཏེ། རོགས་སྐྱོར་དགེ་རྒན་ཚང་མས་སློབ་ཁྲིད་ཞིབ་འཇུག་ཚོགས་ཆུང་གི་ཙུའུ་ཀྲང་གཅིག་ལྕོགས་ཀྱིས་དགེ་ཕྲུག་ཁྲིད་པ་དང་། སློབ་ཁྲིད་ལ་ཞིབ་འཇུག་བྱེད་པ། འཆད་ཁྲིད་བྱེད་པ། མཐོ་རྒྱུགས་ཀྱི་སྒྱུར་བཅོས་གསར་པར་ཞིབ་འཇུག་བྱེད་པ་སོགས་སློབ་ཁྲིད་དོ་དམ་གྱི་ལྷུ་ཚིགས་ཁག་ཚང་མར་ཁྱབ་པར་བྱས་ཡོད།
ལོ་གཉིས་རིང་གི་མཚོ་སྐྱོར་བྱེད་རིང་། ཅང་ཝུའེ་དང་མཚོ་སྐྱོར་དགེ་རྒན་ཚོགས་པས“ཤར་རྒྱུད་དང་ནུབ་རྒྱུད་སློབ་གྲྭའི་དབར་མཉམ་འབྲེལ་སློབ་ཁྲིད་ཞིབ་འཇུག”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་ལ་བརྟེན་ནས་རིག་ཚན་ཁག་གི་དགེ་རྒན་ལ་གསོ་སྦྱོང་བྱེད་པ། སློབ་གྲྭའི་ནང་དུ“སྣེ་ཁྲིད་བུམ་པའི”དགེ་རྒན་གྱི་དཔེ་སྟོན་སློབ་ཚན་དང“མཚོ་སྔོན་གྱི་ཕྲུ་གུའི་བུམ་པའི”དགེ་ཕྲུག་གི་རྩལ་ངོམས་སློབ་ཚན་སྐབས་གསུམ་བསྟུད་མར་འཚོགས་པ་རེད།
སློབ་སྤྱི་ཅང་ལགས་དང་མཚོ་སྐྱོར་དགེ་རྒན་ཚོགས་པའི་རོགས་རམ་འོག་སློབ་གྲྭར་སློབ་ཁྲིད་ཞིབ་འཇུག་སློབ་ཚན་མེད་པའི་སྟོང་ཆ་བསྐངས་ཡོད་ཅེས་རྩེ་ཁུག་རྫོང་མི་རིགས་སློབ་འབྲིང་དང་པོའི་ཧྲུའུ་ཅི་ཤ་བོ་དོན་གྲུབ་ཀྱིས་སྤོབས་པ་ཆེན་པོས་བཤད། ཁོང་གིས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གྱི་རྒྱབ་ལྗོངས་འོག་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་མཉམ་འབྲེལ་དྲ་རྒྱའི་སློབ་ཁྲིད་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞི་མཇུག་འགྲིལ་ཟིན་ཞེས་བཤད།
ཐེན་ཅིན་དུ་ལོག་རྗེས། ཅང་ཝུའེ་ཡི་ལག་ཐོགས་ཁ་པར་ནང་རྒྱལ་ཡོངས་ས་གནས་ཁག་གི་མཐོ་སློབ་སློབ་མས་བསྐུར་བའི་མྱོང་ཚོར་ཡི་གེ་འབྱོར་གྱི་ཡོད།