དིང་རི་རྫོང་ཤེལ་དཀར་གྲོང་རྡལ་མངོན་དགའ་གྲོང་ཚོས་དང་པོའི་བཅོ་ལྔའི་དུས་ཆེན་གྱི་མཉམ་སྤྲོའི་འདུ་ཚོགས་གཉེར་བ།
འདི་ནི་ཡུལ་མི་ཚོ“དང་པོའི་བཅོ་ལྔའི་དུས་ཆེན་གྱི་བྱེད་སྒོའི”འགྲན་བསྡུར་ལ་ཞུགས་བཞིན་པ།
དང་པོའི་བཅོ་ལྔའི་དུས་ཆེན་ཏེ། ཟླ་2ཚེས་12ཉིན་གྱི་ཕྱི་དྲོར། དིང་རི་རྫོང་ཤེལ་དཀར་གྲོང་རྡལ་མངོན་དགའ་གྲོང་ཚོ་ཨུ་ལྷན་ནང་དང་པོའི་བཅོ་ལྔའི་དུས་ཆེན་གྱི་བྱེད་སྒོ་འཁྲུག་ཆ་དོད་པོ་ཞིག་གཉེར་བཞིན་ཡོད།
བྱེད་སྒོ་འགོ་ཚུགས་མ་ཐག དིང་རི་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པས་རིག་གནས་འཆད་ཁྲིད་པ་བྱས་ཏེ་དང་པོའི་བཅོ་ལྔའི་སྲོལ་རྒྱུན་གྱི་དུས་ཆེན་ལ་དམིགས་ནས། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཡུལ་མི་ཚོར་དང་པོའི་བཅོ་ལྔའི་དུས་ཆེན་འབྱུང་ཚུལ་ལ་གསལ་འགྲེལ་བྱས་ཤིང་། དེ་གར་ཡོད་པའི་ཡུལ་མི་མང་པོས་དགའ་སྣང་ཆེན་པོས་ཉན་ཏེ་དང་པོའི་བཅོ་ལྔའི་དུས་ཆེན་ལ་ངོས་འཛིན་སྔར་བས་ཟབ་མོ་བྱུང་ཡོད།
དེ་ནས་དགའ་མོས་བྱེད་སྒོ་སྤེལ་འགོ་ཚུགས་པ་དེས་བྱེད་སྒོར་མཐོ་རླབས་གསར་པ་ཞིག་འཕྱུར་ཞིང་། བྲེལ་འཚུབ་དང་ངར་སློང་བའི“དང་པོའི་བཅོ་ལྔའི་དུས་ཆེན་བྱེད་སྒོའི”འགྲན་བསྡུར་ནང་། ཚོགས་ཆུང་ལྔ་ལས་གཉིས་རེ་ཕན་ཚུན་འགྲན་བསྡུར་དང་། ཚོགས་ཆུང་རེ་ནས་མི་གཉིས་ཀྱིས་ཁོའོ་ཙེས་ཕིང་ཕང་སྤོ་ལོ་བཙིར་ནས་འཁྱེར་རྒྱུར་དུས་ཚོད་བརྩོན་ལེན་བྱས་པར། ས་གནས་ས་ཐོག་ཏུ་ཤུགས་རྒྱག་དགོས་པའི་སྒྲ་དང་གད་མོ་དགོད་པའི་སྒྲ་ཡང་ཡང་གྲགས། “ཧུའུ་ནང་བླུག་པའི”བྱེད་སྒོར་ཡུལ་མི་མང་པོ་ཞུགས་ནས་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་གྲུབ་འབྲས་ཡག་པོ་ཐོབ་པའི་འདུན་པ་བཅངས། ལྒང་བཞུར་བརྫི་བ་དང་གབ་ལན་རྒྱག་པའི་བྱེད་སྒོས་ཀྱང་ས་གནས་ས་ཐོག་ཏུ་སྤྲོ་སྣང་མི་ཉུང་བ་སྦྱིན་ནས་དགའ་སྤྲོ་དང་འགྲན་བསྡུར་ཁྲོད་ཚང་མས་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་ཡོད།
“བྱེད་སྒོ་འདི་རིགས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། ཚང་མ་མཉམ་དུ་འཛོམས་ནས་སེམས་པ་ལྷོད་དུ་བབས་པ་མ་ཟད། ཡུལ་མི་རྣམས་ས་ཡོམ་གོད་ཆག་གི་སྐྱོ་གདུང་ནས་སྒྲོལ་བར་ཡང་ཕན་ཐོགས་ཡོད”ཅེས་མངོན་དགའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་བཀྲ་ཤིས་ཀྱིས་བཤད།
མཇུག་ཏུ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་དང་བླངས་པས“མཉམ་མྱོང་བཞི”དང་། “མོས་སེམས་ལྔ” “ཡོམ་འགོག་གེགས་སེལ་གྱི་གཏམ་རྒྱུད”བཅས་ལ་དམིགས་ནས་སྒྲོག་འགྲེལ་བྱེད་འགོ་ཚུགས།
གཞི་རིམ་གྱི་སྒྲོག་འགྲེལ་པ་ངག་བློས“ས་ཡོམ་ལ་སྙིང་རྗེ་མེད་ཀྱང་། རྒྱལ་ཁབ་ལ་བརྩེ་བ་ལྡན། གང་ལགས་ཤེ་ན། མེས་རྒྱལ་སྟོབས་དང་ལྡན་པས། ང་ཚོའི་ཟས་གོས་ལ་སེམས་ཁྲལ་མི་དགོས་ལ་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་ཡོད། ང་ཚོས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲང་གི་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།
དིང་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཆིང་ས་ཡོམ་རྒྱག་སར་འོང་ནས་ཡུལ་མིར“ང་ཚོའི་རྒྱབ་ཏུ་རྒྱལ་ཁབ་སྟོབས་ཆེན་ཡོད་པས།གང་ལའང་སྐྲག་མི་དགོས་པའི”ཡིད་ཆེས་སྐྱེ་རུ་བཅུག་ནས་གེགས་ཁུལ་མང་ཚོགས་ཡིད་ཆེས་ཆེན་པོས་ཁྱིམ་གཞིས་བསྐྱར་སྐྲུན་ནང་ཞུགས་དགོས་པའི་ལྕག་སྐུལ་བྱས་ཡོད།