དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་དབྱི་པིན་གྱི་རི་ཉིལ་གེགས་སེལ་གྱི་འཐབ་ས་དང་པོར།

    རོགས་སྐྱོབ་ལས་དོན་ཚགས་ཚུད་བསྒྲུབས། ལས་འགན་འགན་འཁྲི་ལེགས་པར་མངོན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  སུང་ཧའོ་ཤིན། མི་དམངས་དྲ་བའི་གསར་འགོད་པ། ཀྲུའུ་ཧུང་།   |     སྤེལ་དུས།  2025-02-13

    གློག་ཤུགས་བཟོ་པས་གློག་སྐུད་བསྐྱར་དུ་ཁྲིད་ནས་གློག་ཤུགས་ལ་འགན་ལེན་བྱེད་པ།

    ཟླ་2ཚེས་10ཉིན་སི་ཁྲོན་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་མུའུ་ཨའེ་གྲོང་རྡལ་ཅིན་ཕིང་གྲོང་ཚོའི་རི་ཉིལ་སར་རོགས་སྐྱོབ་རུ་ཁག་གིས་མུ་མཐུད་འཚོལ་སྐྱོབ་བྱེད་བཞིན་པ།

    ཆར་པ་ཉིན་ཤས་བབས་རྗེས། གནམ་ངོ་གཞི་ནས་དྭངས། ཟླ་2ཚེས་10ཉིན། སི་ཁྲོན་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་མུའུ་ཨའེ་གྲོང་རྡལ་གྱི་རི་ཉིལ་གེགས་སེལ་གྱི་འཐབ་ས་དང་པོར་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་མུ་མཐུད་འབད་འཐབ་བྱེད་བཞིན་འདུག

    སྣག་ཚ་རྫོགས་པའི་སྨྱུ་གུ་གཅིག

    “ང་ལ་སྨྱུ་གུ་གཡར་རོགས” གསར་འགོད་པས་ཀྲེན་ཆིན་མཐོང་སྐབས་ཁོང་གིས་ལག་གཅིག་གིས་ཁ་པར་རྒྱག་པ་དང་ལག་གཅིག་གིས་ཐོ་རྒྱག་བཞིན་འདུག སྨྱུ་གུའི་སྣག་ཚ་རྫོགས་ཀྱང་ཟིན་ཐོ་འགོད་མཚམས་འཇོག་འདོད་གཏན་ནས་མི་བྱེད།

    ཀྲེན་ཆིན་ནི་མུའུ་ཨའེ་གྲོང་རྡལ་ཧྲི་ལིན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་རེད་ལ། ཅུན་ལན་རྫོང་སློབ་འབྲིང་གཉིས་པའི་བཀོད་སྒྲིག་བྱ་ཡུལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་གི་རུ་མི་ཡང་རེད། ཧྲི་ལིན་གྲོང་ཚོ་ནི་གྲོང་རྡལ་སྲིད་གཞུང་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་ཡིན་ཞིང་། རི་ཉིལ་རྗེས་ཁོང་མགྱོགས་མྱུར་གྲོང་རྡལ་སྲིད་གཞུང་དུ་བསྐྱོད། ལམ་བར་དུ་ཁ་པར་བརྒྱབ་ནས་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་ལ་བརྡ་ཐོ་བཏང་། གནས་ཚུལ་ཛ་དྲག་ཆེ་བས་ཀྲེན་ཆིན་གྱིས་སྨྱུ་གུ་གཅིག་དང་དེབ་གཅིག་ལས་འཁྱེར་ལོང་བྱུང་མེད།

    གཅེན་པོ་ཀྲོའུ་ལགས་ཀྱི་ནང་དུ་ནད་པ་ཡོད་པས་ཁང་པ་གླ་རོགས་ཞུ་བ་དང་། ཨ་ཅག་ཀྲང་ལགས་ཀྱི་སྒོ་ཕྱུགས་ལ་ལྟ་མཁན་བཏང་ནས་ཞོར་ལ་པར་བརྒྱབ་ནས་སྐུར་རོགས་ཞུ་བ། ཨ་ཅག་མའོ་ལགས་ཀྱི་ཁྱིམ་དུ་ཕྲུ་གུ་ཆུང་ཆུང་ཡོད་པས་འོ་རྩམ་ལྕགས་ཀྲིན་གཉིས་སྐྱེལ་རོགས་ཞུ་བ་སོགས་ཀྱི་གནས་ཚུལ་རང་ཉིད་ཀྱི་ཐོ་དེབ་ཐོག་བཀོད། རང་ཉིད་ཀྱི་ཟིན་དེབ་ཡོངས་སུ་ཁེངས་རྗེས། ཀྲེན་ཆིན་གྱིས་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་ཐོ་དེབ་གཡར་ནས་མུ་མཐུད་ཟིན་ཐོ་བཀོད། “མདུན་དུ་བྲིས་པ་ཚང་མ་ནི་མང་ཚོགས་ཀྱི་ཆ་འཕྲིན་དང་རྒྱབ་ཏུ་བྲིས་པ་ནི་ཁོང་ཚོའི་གང་མཁོ་ཡིན་པས། ཏང་ཡོན་ལས་བྱེད་པ་དང་དང་བླངས་པ་ཚོས་དོན་འཁྱོལ་བྱེད་བདེ་པོ་ཡོད”ཅེས་བརྗོད།

    ལས་ཀ་ཉིན་མཚན་གཉིས་བྱས་རྗེས། ཀྲེན་ཆིན་གྱིས་ཁོམ་པ་བྱུང་ན་ཧྲི་ལིན་གྲོང་ཚོར་ལོག་ནས་གྱོན་གོས་ཁ་ཤས་བླངས་ནས་བཀོད་སྒྲིག་བྱ་ཡུལ་དུ་མུ་མཐུད་སྡོད་དགོས་སྙམ། ཀྲེན་ཆིན་གྱིས“ཞོར་ལ་སྨྱུ་གུ་མང་ཙམ་འཁྱེར་ཡོང་གི་ཡིན། གནོད་འཚེ་ཕོག་པའི་མང་ཚོཌ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ང་ཚོས་ཤེས་རྟོགས་ཁ་གསལ་དང་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་བཤད།

    ནང་མིར་རང་ཉིད་བདེ་པོ་ཡིན་པའི་ཁ་པར་རྒྱག་ཁོམ་མ་བྱུང་བ།

    གནོད་འཚེ་ཐོན་པའི་ཉིན་གཅིག་གི་སྔོན་ལ་དབྱང་ཁྲའོ་དྲག་ཆས་ཉེན་རྟོག་ཅུན་ལན་རུ་འབྲིང་དུ་ལས་དོན་ཞིབ་བཤེར་བྱེད་བཞིན་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཁོང་གིས་ལས་གནས་བརྟན་སྲུང་བྱེད་བཞིན་པའི་སྐབས་སུ་འཁོར་ཞག་སྙན་ཞུར་ཆོག་མཆན་ཐོབ་པའི་བརྡ་ཐོ་འབྱོར། “སྐབས་དེ་དུས་དགའ་ཐག་ཆོད་ནས་ཕ་ཡུལ་ཅང་ཤིས་ནན་ཁྲང་དུ་ལོག་པའི་གནམ་གྲུའི་སྤ་སེ་མངཌ་པ་ཡིན” ཅིན་ཕིང་གྲོང་ཚོར་རི་ཉིལ་བ་ཤེས་རྗེས། དབྱང་ཁྲའོ་ཡིས་མགྱོགས་མྱུར་གནམ་གྲུའི་སྤ་སེ་ཕྱིར་བསློགས་ནས་གེགས་སེལ་དཔུང་ཁག་དང་པོའི་ཁོངས་མི་དང་མཉམ་དུ་གེགས་ཁུལ་དུ་བསྐྱོད།

    གེགས་ཁུལ་དུ་འབྱོར་རྗེས་དབྱང་ཁྲའོ་ཡིས་མགྱོགས་མྱུར་འཐབ་གྲོགས་ཚོ་དང་མཉམ་དུ་རོགས་སྐྱོབ་ལས་དོན་སྤེལ་བ་དང་ས་ཡུལ་དངོས་སུ་ལྟ་སྲུང་དང་འཚོལ་སྐྱོབ་ཀྱི་འགན་འཁུར་བ་མ་ཟད། ད་དུང་འཕྲལ་མར་ཉེ་འགྲམ་གྱི་གྲོང་མི་ཁ་འགྲེམས་བྱས་ནས་ཞོར་ཐོན་གྱི་གནས་ཚུལ་མི་ཐོན་པ་བྱས།

    གེགས་སེལ་གྱི་ལས་འགན་སྒྲུབ་རིང་། ཁོང་གིས་ཁ་པར་བརྒྱབ་ནས་གོང་རིམ་གྱི་བཀའ་རྒྱ་དང་ལེན་དང་ལས་དོན་བཀོད་སྒྲིག་བྱེད་པ་ལས། ནང་མིར་ཁམས་བདེའི་ཁ་པར་ཞིག་ཀྱང་རྒྱག་ཁོམ་བྱུང་མེད། ཉེན་སེལ་རྒུད་སྐྱོབ་མི་སྣས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་བྱེད་བཞིན་འདུག རུ་མི་མི་ཉུང་བ་ཞིག་རོགས་སྐྱོབ་ནང་ཞུགས་པ་ནས་ཆུ་ཚོད་བཞི་ཙམ་ལས་ཉལ་ཁོམ་བྱུང་མེད། དབྱང་ཁྲའོ་ཡིས“ང་ཚོས་དུས་ཚོད་དམ་འཛིན་གྱིས་ལས་འགན་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་མང་ཙམ་སྐྱོབ་ཐུབ་ན་སྙམ་བྱུང”ཞེས་བཤད།

    རོགས་སྐྱོབ་རུ་མིའི་ཁྲོད་གཉེན་སྟོན་འགྱངས་ནས་ཡོང་མཁན་དང་འཁོར་ཞག་སྡོད་མཚམས་བཞག་ནས་གེགས་སེལ་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་མཁན་ཡོད་ལ། ད་དུང་རང་འགུལ་ངང་སྒྲིག་ལམ་བཟོ་བ་དང་དང་བླངས་ཞབས་ཞུར་ཞུགས་མཁན་ས་གནས་དེ་གའི་མང་ཚོགས་མི་ཉུང་བ་ཞིག་ཀྱང་ཡོད། དབྱང་ཁྲའོ་ཡིས“ང་ཏང་ཡོན་དང་དམག་མི་ཞིག་ཡིན་པས། ངེས་པར་དུ་མདུན་དུ་ཤོར་དགོས”ཞེས་བཤད།

    ཚན་རྩལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་ཞིག

    “རི་ཉིལ་དབྱིབས་འགྱུར་ལེ་ཏ་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་དོན་སོང་། མགྱོགས་པོ་བཀོད་འདོམས་པུའུ་ལ་སྐུར་དགོས” སྤོས་འགྱིག་རྐུབ་སྟེགས་ཁ་ཤས་དང་ཏུའུ་360ཡི་དབྱིབས་འགྱུར་ལྟ་ཞིབ་ཚད་ལེན་ལེ་ཏ་གཉིས་ནི་སི་ཁྲོན་ཞིང་ཆེན་བདེ་འཇགས་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་སྐྲུན་པ་ཅཱ་ཧུའུ་ཅུན་གྱི་འཐབ་ས་རེད།

    གནོད་འཚེ་ཐོན་རྗེས། ཅཱ་ཧུའུ་ཅུན་དང་ལས་རོགས་ཚོས་ལེ་ཏའི་སྒྲིག་ཆས་ཁྱེར་ནས་གེགས་ཁུལ་དུ་བསྐྱོད་དེ་གནོད་འཚེའི་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་གཅོད་སོགས་ཀྱི་ལས་དོན་སྤེལ། “མིག་གིས་མཐོང་མི་ཐུབ་པའི་རི་ཉིལ་གྱི་གནས་ཚུལ་ལེ་ཏའི་འཕྲུལ་ཆས་ནས་མཐོང་ཐུབ”ཅཱ་ཧུའུ་ཅུན་གྱིས་ལེ་ཏ་ནས་ཤེས་རྟོགས་བྱུང་བའི་གྲངས་གཞིར་ཆེད་ལས་དབྱེ་ཞིབ་དང་། ལྟ་ཞིབ་ཚད་ལེན། ཉེན་བརྡའི་སྙན་ཞུ་ལེགས་སྒྲིག་བཅས་བྱས་ནས། ལས་ཡུལ་དངོས་ཀྱི་བཀོད་འདོམས་པུའུ་ཡི་རོགས་སྐྱོབ་ལས་སྒྲུབ་ལ་མཛུབ་ཁྲིད་དང་རོགས་སྐྱོབ་མི་སྣའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུར་གཞོགས་འདེགས་བྱེད་ཀྱི་ཡོད།

    ཉིན་ཤས་བསྟུད་མར། གེགས་ཁུལ་དུ་ཆར་པ་ཡང་ཡང་བབས་པས་ད་དུང་རི་ཉིལ་བའི་གནས་ཚུལ་ཐོན་གྱི་ཡོད། གནོད་འཚེའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་ཞོར་ཐོན་གནོད་འཚེའི་ཉེན་བརྡ་སྔ་ནུར་དུ་གཏོང་རྒྱུ་དེ་བདེ་འཇགས་རོགས་སྐྱོབ་ཀྱི་ངོས་ནས་བརྗོད་ན། གལ་འགངས་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་རེད།

    རོགས་སྐྱོབ་ལས་དོན་ལ་ཞུགས་པ་དང་ཆབས་ཅིག ཅཱ་ཧུའུ་ཅུན་ཚོགས་པས་ཆུ་ཚོད་རེར་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་གཅིག་འདོན་དགོས་པས་ཧ་ལམ་ངལ་གསོ་བའི་ཁོམ་པ་མེད། ཅཱ་ཧུའུ་ཅུན་གྱིས“རུ་མི་ཚང་མ་ན་སོ་གཞོན་ཡང་གནོན་ཤུགས་ཀྱིས་གཉའ་བཅག་མེད། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་དཔུང་ཁག་གི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།