དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤུས་ཚད་ལེགས་པོ་དང་ཕན་འབྲས་ཆེན་པོས་འགན་འཁྲི་སྒྲུབ་པ་དང་སེམས་ནུས་དང་བརྩེ་སེམས་ལ་བརྟེན་ནས་དམངས་ཀྱི་ཞིབ་དཔྱོད་ལས་དོན་ཏན་ཏིག་བསྒྲུབས་པ།

    2024ལོའི་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཀའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-13

    དམངས་ཆེད་ཁྲིམས་འཛིན་རྒྱུ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་བླ་ན་མེད་པའི་འགན་འཁྲི་དང་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་རེད།

    ལོ་གཅིག་ཚུན་དུ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཞིབ་དཔྱོད་ཀྱི་ལག་ལེན་གཏིང་ཟབ་ཏུ་རྒྱུན་མཐུད་བཏང་སྟེ། “འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ་དང་། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པར་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཏེ། སྤུས་ཚད་ལེགས་པོ་དང་ཕན་འབྲས་ཆེན་པོས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབས་པ་དང་། དམངས་ཆེད་ཁྲིམས་འཛིན་པ་དང་མི་དམངས་བློ་ཡིད་ཚིམ་པོ་ཡོང་བར་བྱས་ནས། སེམས་ནུས་དང་བརྩེ་སེམས་ལ་བརྟེན་ཏེ་མི་དམངས་མང་ཚོགས་ཀྱིས་མྱོང་ཚོར་ཐུབ་པ་དང་། ཉམས་ལེན་ཐུབ་པ། ཁོང་ཚོར་ཕན་པ་ཐོབ་པའི་དམངས་ཀྱི་ཞིབ་དཔྱོད་ལས་དོན་ཏན་ཏིག་བསྒྲུབས་ཡོད།

    གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་དྲང་གཞག་གི་རྨང་གཞི་བརྟན་པོར་བཙུགས་པ།

    “གྱོད་སྒྲུབ”ནི་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་སྟངས་གཙོ་བོ་ཞིག་ཡིན་པ་དང་། གྱོད་སྒྲུབ་དང་། གྱོད་དོན་ཡག་པོ་སྒྲུབ་པ། གྱོད་དོན་ཚང་མ་ཡག་པོ་སྒྲུབ་པ་བཅས་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རྩའི་འགན་འཁྲི་རེད།

    ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“རང་གིས་དངོས་སུ་གཏུག་བཤེར་བྱེད་པ་ལྟར”གྱི་གྱོད་སྒྲུབ་འདུ་ཤེས་བརྟན་པོར་བཙུགས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་སྔར་བས་ནན་པོ་བྱས་ནས། དབང་ཆའི་མཐའ་མཚམས་ནན་སྲུང་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་གཞིར་བཟུང་གྱོད་གཞི་སྒྲུབ་པ། ཁྲིམས་ལྟར་གྱོད་གཞི་དྲང་གཞག་སྒྲུབ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། “མེད་པར་བཟོ་བ་གཅིག་དང་སླར་ཡང་མི་བྱེད་པ་གསུམ”དོན་འཁྱོལ་གྱིས་ཞིབ་དཔྱོད་པས་གྱོད་སྒྲུབ་ཀྱི་གྲངས་འབོར་ལ་མཐོང་ཆེན་བྱེད་པ་ནས་སྤུས་ཚད་ལེགས་སུ་དང་ཕན་ནུས་ཆེ་རུ་གཏོང་བའི་བར་དང་། དམིགས་ཚད་དཔྱད་ཞིབ་ལ་མཐོང་ཆེན་བྱེད་པ་ནས་སྤྱི་ཡོངས་ལ་གདེང་འཇོག་བྱེད་པའི་བར། གྱོད་དཔེ་རྐྱང་པ་ཐག་གཅོད་བྱེད་པར་མཐོང་ཆེན་བྱེད་པ་ནས་ཕྱོགས་བསྡུས་ལས་འགན་སྒྲུབ་པའི་བར་གྱི་ལས་ཀའི་བྱེད་ཕྱོགས་སུ་བསྒྱུར་ཏེ། “སྤུས་ཚད་ལེགས་པོ་དང་ཕན་འབྲས་ཆེན་པོས་གྱོད་གཞི་ཚང་མ་ལེགས་པར་སྒྲུབ་པའི”ཐོག་ནས་ཁྲིམས་འཛིན་དྲང་གཞག་གྲབས་ཚགས་ཚུད་ཡོང་བར་བྱས་ཡོད།

    2024ལོར། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་གྱོད་གཞི་སྣ་ཚོགས་13788བསྒྲུབས་ཡོད། འགན་དབང་གཞིར་བཟུང་རང་འགུལ་ངང་གྱོད་གཞི་6394བསྒྲུབས་པས་46.4%བཟུང་ཡོད། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི“ཞིབ་དཔྱོད་ཆེན་པོ་བཞིའི”ལས་འགན་སྒྲུབ་པའི་གྲུབ་ཆའི་བསྡུར་ཚད་ནི་61.1:13.8:11.7:13.4ཟིན་པས། ལས་སྒོའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད་པ་རེད།

    དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམིགས་ནས་ཞིབ་དཔྱོད་ཀྱི་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་བ།

    2024ལོའི་ཟླ་3ནས་ཟླ་9པའི་བར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཞུ་གཏུག་ལ་རྒྱབ་སྐྱོར་དང་། སྡེ་ཚན་སྒྲོལ་ནས་རོགས་ལས། འབྲེལ་གཏུག་མཐུན་སྦྱོར”བཅས་ཀྱི་བྱེད་ཐབས་བརྒྱུད། དོན་ཆེ་གེ་མོ་སོགས་མཐའ་མཚམས་གྲོང་ཚོའི་ཞིང་པ་ལས་མི་60ལ་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་23.6ལེན་རོགས་བྱས་པ་རེད། དེ་ནི་རང་ལྗོངས་ཀྱིས“ཞིབ་དཔྱོད་ཀྱིས་དམངས་འཚོར་སྲུང་སྐྱོབ་བྱེད་པའི”ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བའི་མཚོན་བྱེད་ཙམ་ཞིག་རེད།

    ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་ཞུགས་དང་། བཟའ་བཅའ་དང་སྨན་རྫས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་བཅོལ། སྡོད་ཁང་། རྒན་གསོ། ཁོར་ཡུག་སྲུང་སྐྱོང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམ་པོར་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་དང་གླེང་མང་བའི་གནད་དོན་ལ་དམ་འཛིན་བྱས་ཏེ། ཞིབ་དཔྱོད་ཀྱི་འགན་ནུས་ཁག་ལག་བསྟར་གང་ལེགས་ཀྱིས་ཞིབ་དཔྱོད་ཀྱི་ལས་དོན་སྤེལ་ཤུགས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་ཚད་ཆེ་རུ་བཏང་ཡོད།

    “སྤྲོ་སྣང་ཆེན་པོས་བོད་ལ་ཡུལ་སྐོར་བྱེད་པའི”སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་ཆེད་དོན་ལྟ་སྐུལ་གཏིང་ཟབ་སྤེལ་ནས་འབྲེལ་ཡོད་གྱོད་གཞི་ཁག་29བསྒྲུབས་པ་དང་། ངལ་རྩོལ་པའི་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་གྱོད་གཞི་ཁག་465བསྒྲུབས་ནས་ཞིང་པ་ལས་མི་སོགས་ཉམས་ཞན་ཚོགས་སྤྱིར་གླ་ཆ་སྒོར་ཁྲི་2400ལྷག་ཙམ་ལེན་རོགས་བྱས་པ། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱས་ནས་སྲིད་ཁྲིམས་དང་སློབ་གསོ་སོགས་སྡེ་ཚན་དང་མཉམ་དུ་བོད་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སློབ་གསོ་ཡོ་བསྲང་བྱེད་པའི་ཆེད་ལས་སློབ་གྲྭ་དང་པོ་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཞིབ་དཔྱོད་དཔོན་288ཀྱིས་ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པའི(ཟུར་ཁྲིད་པའི)འགན་ཁུར་བ་དང་། ཁྲིམས་སྐྱོང་སློབ་གསོ་ཐེངས་842སྤེལ་བར་སློབ་གསོ་ཐོབ་མཁན་དགེ་སློབ་མི་ཐེངས་ཁྲི་94.9ཟིན་པ། ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། མི་230ལ་རོགས་སྐྱོབ་ཀྱིས་ཁྲིམས་འཛིན་གྱོད་གཞི་ཁག་183བསྒྲུབས་ཏེ་རོགས་སྐྱོབ་དངུལ་སྒོར་ཁྲི་519སྤྲད་པ་བཅས་རེད།

    “ཧྥུང་ཆའོ་ཉམས་མྱོང”ལག་ལེན་བསྟར་ནས་འགལ་ཟླ་དང་རྩོད་གཞི་བསལ་བ།

    ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ལ་ཉིན་7ནང་རེ་རེ་བཞིན་ལན་རྒྱག་པ་དང་ཟླ་བ་3ནང་གྱོད་སྒྲུབ་ཀྱི་བརྒྱུད་རིམ་མམ་ཡང་ན་མཇུག་འབྲས་ལ་ལན་རྒྱག་རྒྱུ”དོན་འཁྱོལ་ནན་པོ་བྱས་པ་དང་། འགོ་ཁྲིད་ལས་བྱེད་པས་ཡིག་འབུལ་ཞུ་བཅར་དང་ལེན་དང་ཡིག་འབུལ་ཞུ་བཅར་ལ་ལན་རྒྱག་པ། གྱོད་གཞི་འགན་གཙང་བླངས་ནས་ཐག་གཅོད་བྱེད་པ། ཞིབ་དཔྱོད་ཀྱི་དཔང་ཉན་བྱེད་ཟབ་ཏུ་གཏོང་བ། ཡིག་འབུལ་ཞུ་བཅར་གྱི་འགལ་ཟླ་འབྱུང་རྩ་ནས་བཅོས་སྐྱོང་དང་གྱོད་གསོག་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དོ་བདག་གི་བཅའ་ཁྲིམས་ཐད་ཀྱི་དོགས་གནད་དང་སེམས་ཁྲལ་སེལ་བར་སྐུལ་འདེད་བཏང་ཡོད།

    2024ལོར་སྟབས་བདེའི་དཔང་ཉན་དང་། ཁྱིམ་དུ་དཔང་ཉན། རིམ་གསུམ་མཉམ་འབྲེལ་གྱི་དཔང་ཉན་སོགས་ཀྱི་བྱ་ཐབས་སྤྱད་དེ། དམངས་དོན་དང་། སྲིད་འཛིན། ཉེས་དོན་བཅས་ཀྱི་གྱོད་གཞི་ཁག་4672ཡོངས་བསྒྲགས་ངང་དཔང་ཉན་བྱས་པ་དང་། “མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཚང་མར་ལན་འདེབས་ཐུབ་པར”བྱས་པ། ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་བདག་སྤྲོད་དང་ཞིབ་བཤེར་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཐེངས་1619བསྒྲུབས་ནས། ཉིན་7ནང་རེ་རེ་བཞིན་ལན་རྒྱག་པ་དང་ཟླ་བ་3ནང་གྱོད་སྒྲུབ་ཀྱི་བརྒྱུད་རིམ་མམ་ཡང་ན་མཇུག་འབྲས་ལ་ལན་རྒྱག་ཚད་ཚང་མ་100%ཟིན་ཡོད་པ་རེད།

    གཞན་ཡང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤུས་རྟགས་12309 “གཡང་འཛོམས་ཐད་སྦྲེལ་ཁ་པར”བཙུགས་ཏེ། “ལས་སྟེགས་གཅིག་དང་། དུས་ཐོག་ཉན་པ། གཅིག་གྱུར་བདག་སྤྲོད། ལན་ཡག་པོ་འདེབས་པ”བཅས་བྱས་ནས། དམངས་ལ་སྟབས་བདེ་དང་དམངས་ཕན་གྱི་གཅིག་འཐུས་རྣམ་པའི་ཞིབ་དཔྱོད་ཞབས་ཞུ་མཁོ་འདོན་བྱས་ཏེ། མང་ཚོགས་ཀྱིས་ཐད་སྦྲེལ་ཁ་པར་སྤྱོད་བདེ་བ་དང་སྤྱོད་གོ་ཆེ་བ་ཚོར་གང་ཐུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།