ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རིན་ཆེན་གླིང་གྲོང་ཚོའི་ཡུལ་མི་བསྟན་བསོད་ནམས།
ཁ་ཟས་བཟོས་ནས་ཡོང་འབབ་གསོག་པར་བྲེལ།
འདི་ནི་བསྟན་བསོད་ནམས་ཀྱི་ནང་མི་དང་ཡུལ་མིས་ཁ་ཟས་བཟོ་བཞིན་པ།
བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། ཁྱིམ་ཚང་ཚང་མའི་ནང་གྲོང་མིས་ཁ་ཟས་བཟོ་བ་དང་། ཆང་སྙོལ་བ། ལོ་ཕུད་འདེབས་པ་སོགས་ལོ་གསར་གྱི་གྲ་སྒྲིག་ལས་ཀར་བྲེལ་བཞིན་ཡོད་པས། གང་སར་ལོ་གསར་གྱི་གྲ་སྒྲིག་རྣམ་པས་ཁེངས།
ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རིན་ཆེན་གླིང་གྲོང་ཚོའི་ཡུལ་མི་བསྟན་བསོད་ནམས་ཀྱི་ཁྱིམ་དུ་སྐྱོད་སྐབས་ཁ་ཟས་ཀྱི་དྲི་ཞིམ་མངར་སང་སང་དུ་འཐུལ་འོང་། བསྟན་བསོད་ནམས་དང་ཡུལ་མིས་ལ་ལས་གྲོ་ཞིབ་བརྫི་བ་དང་། ལ་ལས་གཏུབས་ནས་བཟོ་ལྟ་བཟོ་བ། ལ་ལས་ཁ་ཟས་སྲེག་བཞིན་འདུག ཁོང་ཚོའི་ངོ་གདོང་ལས་འཚོ་བ་གསར་པར་བཅངས་པའི་དགའ་ཞེན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་རེ་བའི་འཛུམ་མདངས་འཕྱུར་བཞིན་མཆིས།
བསྟན་བསོད་ནམས་ཁྱིམ་གྱིས་ལོ་ལྟར་ལོ་གསར་གྱི་སྔ་ནུབ་ཏུ་ཁ་ཟས་བཟོས་ནས་འཚོང་བཞིན་ཡོད་ཅིང་། ཁོང་གིས། ང་ཚོས་ཁ་ཟས་བཙོངས་ནས་ལོ་དྲུག་འགྲོ་གི་འདུག ང་ཚོས་བདེན་པ་བདེན་ཐུབ་ཀྱིས་ཚོང་རྒྱག་པ་དང་ཁ་ཟས་ཀྱི་སྤུས་ཚད་ལ་འགན་ལེན་བྱས་པར་བརྟེན། ཚོང་ཇེ་ཡག་ཏུ་ཕྱིན་པ་མ་ཟད། ཡུལ་མི་དྲུག་འབབ་འཕར་ཡོང་བར་སྣེ་ཁྲིད་བྱས་པས། ཚང་མས་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཡོད་ཅེས་བཤད།
“ང་ལ་སྒམ་གཉིས་ཚོངས་དང” ཉེ་འགྲམ་གྱི་ཡུལ་མི་རྣམས་ཁ་ཟས་ཉོ་བར་ཡང་སེ་ཡོང་གི་ཡོད།
བསྟན་བསོད་ནམས་ཁྱིམ་གྱི་ཁ་ཟས་ཀྱི་སྤུས་ཀ་དང་བཟོ་ལྟ་ལེགས་པས་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད། ཁོང་ཚོའི་ཁྱིམ་གྱི་ཁ་ཟས་ནི་རང་ཁྱིམ་གྱི་གྲོ་ཞིབ་དང་པད་སྣུམ་ལས་བཟོས་པ་ཞིག་ཡིན་ཞིང་། བྲོ་བ་ཞིམ་ལ་གོང་ཡང་ཁེ་པོ་ཡོད་པས་མངགས་མཁན་མང་པོ་ཡོད། ཁ་ཟས་བཟོས་ནས་ཚོང་བ་ཕུད་ཁོང་ཚོའི་ཁྱིམ་གྱིས་ད་དུང་རྩེ་སྒྲོ་དང་སྙེ་མ་སོགས་ཀྱང་འཚོང་གི་ཡོད།
བསྟན་བསོད་ནམས་ཀྱིས། “ཉེ་ཆར་ཚོང་ཡག་པོ་ཡོད་པས་ཁ་ཟས་མི་བྲིན་པའི་སེམས་ཁྲལ་ཅི་ཡང་མི་འདུག མི་ལྔ་ཡིས་ཁ་ཟས་ཧུར་ཐག་བཟོས་ན་ཉིན་གཅིག་ལ་ཡོང་འབབ་སྒོར་1500ལྷག་ཙམ་རག་གི་འདུག”ཅེས་བཤད།