ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་རྒྱུན་མཐུད་རང་བཞིན་ལྡན་པ།
རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་གྱི་ཕྱོགས་ལྔའི་ཐད་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་གནད་ལ་འཁེལ་པོས་ཕྱོགས་བསྡུས་གནང་བ་དང་ཨང་དང་པོར་བཞག་པ་ནི“མངོན་གསལ་དོད་པའི་རྒྱུན་མཐུད་རང་བཞིན”རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭའི་ཤེས་དཔལ་ལ་རྒྱུན་མཐུད་རང་བཞིན་ལྡན་པས་ཀྲུང་ཧྭ་མི་རིགས་ཀྱིས་རང་ཉིད་ཀྱི་ལམ་བུར་བསྐྱོད་ངེས་ཡིན་པ་གཞི་རྩའི་ཆ་ནས་གཏན་འབེབས་བྱས་ཡོད། གལ་ཏེ་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་རྒྱུན་མཐུད་རང་བཞིན་ནས་ཀྲུང་གོར་ཤེས་རྟོགས་མ་བྱས་ཚེ། གནའ་བོའི་ཀྲུང་གོར་རྒྱུས་མངའ་ལོན་མི་ཐུབ་ལ། དེང་རབས་ཀྱི་ཀྲུང་གོར་ཡང་རྒྱུས་མངའ་ལོན་མི་ཐུབ་པ་མ་ཟད། མ་འོངས་པའི་ཀྲུང་གོར་དེ་བས་ཀྱང་རྒྱུས་མངའ་ལོན་མི་ཐུབ”ཅེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོད་གཏམ་གལ་ཆེན་དེ་ལས་ང་ཚོས་ལོ་རྒྱུས་ཀྱི་ལྟ་བ་དང་རིག་གནས་ཀྱི་ལྟ་བ་ཡང་དག་འཛུགས་པར་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད།
འཛམ་གླིང་ལོ་རྒྱུས་ཀྱི་ཤེས་དཔལ་ཆེན་པོ་བཞི་ལས་ཀྲུང་ཧྭའི་ཤེས་དཔལ་ཕུད། ཡུལ་ཁམས་གཞན་གསུམ་གྱི་གནའ་བོའི་ཤེས་དཔལ་ཚང་མ་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་དར་འཕེལ་བྱུང་རྗེས་རིམ་བཞིན་ཉམས་རྒུད་དུ་སོང་བ་མ་ཟད་མཐར་རྩ་མེད་དུ་ཕྱིན་ཡོད། ཀྲུང་ཧྭའི་ཤེས་དཔལ་ཁོ་ན་ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ནས་ད་ཆའི་བར་དུ་རྒྱུན་མཐུད་ཐུབ་ཡོད། དེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་རྒྱུན་མཐུད་རང་བཞིན་ཡིན་ལ། འཛམ་གླིང་གི་ཤེས་དཔལ་ལོ་རྒྱུས་ཀྱི་ངོ་མཚར་ཞིག་ཀྱང་ཡིན། དེས་འཛམ་གླིང་གི་ཤེས་དཔལ་འཕེལ་རྒྱས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་པས་ང་ཚོས་གདེང་ཚོད་ཆེན་པོ་བྱེད་རིན་ཡོད་ལ་སྤོབས་པ་ཟབ་མོ་སྐྱེ་འོས་པ་ཞིག་ཀྱང་རེད།
ཀྲུང་ཧྭའི་ཤེས་དཔལ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཚང་མས་ཐུན་མོང་དུ་གསར་གཏོད་བྱས་པ་ཞིག་རེད། ལོ་ངོ་སྟོང་ཕྲག་འགའི་འོད་སྟོང་འཕྲོ་བའི་ཤེས་དཔལ་ལོ་རྒྱུས་ཀྱིས་ད་ཆའི་རང་རྒྱལ་གྱི་མི་རིགས་56དང་མི་འབོར་དུང་ཕྱུར་14ལྷག་ཙམ་གོང་བུ་གཅིག་ཏུ་བསྒྲིལ་ནས་གཞོམ་ཞིག་མེད་པའི་མི་རིགས་ཀྱི་ཐུན་མོང་ཚོགས་པ་ཞིག་ཏུ་གྱུར་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་རིང་པོའི་ཁྲོད་ཀྲུང་ཧྭ་མི་རིགས་ལ་དཀའ་ངལ་མང་པོ་འཕྲད་མོད། འོན་ཀྱང་རྩ་བ་གཅིག་དང་རྒྱུད་པ་གཅིག་གི་ལོ་རྒྱུས་ངོས་འཛིན་གྱི་འདུ་ཤེས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཁྱབ་ནས་ཀྲུང་ཧྭ་མི་རིགས་གནོད་འཚེ་ལས་ཡང་ཡང་རྣམ་པར་རྒྱལ་བ་དང་དཀའ་ངལ་ལས་ཡང་ཡང་སྒྲོལ་བར་སྐུལ་འདེད་བཏང་བ་དང་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཏུ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ནས་ཀྲུང་ཧྭའི་ཤེས་དཔལ་གཅིག་རྒྱུན་གཅིག་འཛིན་དང་རྒྱུན་ཆད་མེད་པར་རྒྱུན་མཐུད་ཐུབ་པ་བྱུང་ཡོད།
མངོན་གསལ་དོད་པའི་རྒྱུན་མཐུད་རང་བཞིན་དེ་ལས་གནའ་བོའི་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་གདེང་ཚོད་དང་གོམ་ཞེང་ཆེན་པོས་རང་ཉིད་ཀྱི་ལམ་བུར་བསྐྱོད་ངེས་ཡིན་པ་ལས། ལམ་བུ་གཞན་གང་རུང་དུ་བསྐྱོད་མི་སྲིད། ད་ཆའི་ཀྲུང་གོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“གལ་ཏེ་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་མེད་ཚེ། ཀྲུང་གོའི་ཁྱད་ཆོས་ཡོད་མི་སྲིད་པ་དང་། གལ་ཏེ་ཀྲུང་གོའི་ཁྱད་ཆོས་མིན་ཚེ། ང་ཚོའི་ད་ཆའི་གྲུབ་འབྲས་ཐོབ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཡོད་མི་སྲིད”ཅེས་པ་ལྟར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གནམ་ནས་ཟགས་པ་ཞིག་མ་ཡིན་པར། ཏང་དང་མི་དམངས་ཀྱིས་དཀའ་ངལ་ཁྲི་སྟོང་མང་པོ་སྤྱད་པ་དང་བློས་གཏོང་ཧ་ཅང་ཆེན་པོ་བྱས་ནས་ཐོབ་པའི་གཞི་རྩའི་གྲུབ་འབྲས་ཤིག་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཡུན་རིང་གི་ཤེས་དཔལ་རྒྱུན་འཛིན་བྱེད་པའི་ཁྲོད་ནས་ཐོན་པ་ཞིག་རེད། ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་རྒྱུན་མཐུད་རང་བཞིན་གྱི་ཁྱད་ཆོས་ཀྱིས་ཀྲུང་ཧྭ་མི་རིགས་འཛམ་གླིང་མི་རིགས་ཁྲོད་རང་རྟོན་རང་ཚུགས་དང་རང་དར་ཡོང་བར་བྱས་ལ་ཀྲུང་ཧྭའི་ཤེས་དཔལ་རྒྱུན་མཐུད་བྱེད་པའི་ལམ་བུ་དེར་ང་ཚོར་གདེང་ཚོད་ཀྱིས་ཁེངས་ཡོད། མིག་སྔར། ང་ཚོས་ལོ་རྒྱུས་ལ་བསམ་གཞིག་གཏིང་ཟབ་བྱེད་པའི་ཁྲོད་ནས་འདས་ཟིན་པར་ངོས་འཛིན་དང་། མིག་སྔར་སྟངས་འཛིན། མ་འོངས་པར་ཕྱོགས་པ་བཅས་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་གདེང་ཚོད་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་དགོས།