ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་བསྟུད་མར། ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཟླ་2ཚེས་10ཉིན་བར་རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་རྣམ་གྲངས་ཁག་110ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་ཐུབ་ཡོད་པ་རེད།
“གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒྲོལ་ལོ”ཡི་བྱ་སྤྱོད་དོན་འཁྱོལ་ཧུར་ཐག་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས“དུས་ཚིགས་དང་པོར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་20%ཡན་འཕར་བར་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་ཏེ། འགོ་རྩོམ་པ་ནི་ཐག་གཅོད་དམག་འཐབ་དང་འགོ་འཛུགས་པ་ནི་མཐའ་མའི་གདོང་མཆོང་ལྟ་བུ་ཡིན་པའི་རྣམ་པའི་ཐོག་ནས་གཙོ་གནད་རྣམ་གྲངས་ཀྱི་ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བརྟག་ཞིབ་བྱེད་པར་བསྐྱོད་ནས་ཁེ་ལས་ཀྱི་ལས་མི་ལས་གནས་སུ་ཕྱིར་ལོག་དང་། ཐོན་ནུས་སླར་གསོ། བདེ་འཇགས་ཐོན་སྐྱེད་སོགས་ཐད་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། ཁེ་ལས་ལ་ལས་ཀ་བྱེད་སེམས་ཆེ་རུ་གཏོང་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱ་རྒྱུ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་སྐུལ་སློང་དང་ལྕག་སྐུལ་བྱས་ཏེ། ལོ་ཧྲིལ་པོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་དུས་ཚིགས་དང་པོར་རྣམ་གྲངས་357གྱི་ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་བྱེད་པར་མ་དངུལ་སྒོར་དུང་ཕྱུར་35.6གཏོང་རྩིས་ཡོད་པ་རེད། དེའི་ནང་རྒྱལ་ཁབ་ཀྱི་མ་འཇོག་རྣམ་གྲངས་303ལ་མ་དངུལ་སྒོར་དུང་ཕྱུར་30.5གཏོང་རྩིས་ཡོད་པ་དང་། དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་54ལ་མ་དངུལ་སྒོར་དུང་ཕྱུར་5.1གཏོང་རྩིས་ཡོད་པ་རེད།
གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་སྒྲུབ་གོ་རིམ་སྟབས་བདེ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་། རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་གི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ། མཐུན་སྦྱོར་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་སུ་གཏོང་བ། རང་འགུལ་ངང་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་ཞབས་འདེགས་སྤུས་ལེགས་ཞུ་བ། རྣམ་གྲངས་འཛུགས་སྐྲུན་ལ་ཆ་རྐྱེན་ཡག་པོ་གཏོད་པ། 2025ལོར“གཙོ་གནད་རྣམ་གྲངས་670ལག་ལེན་བསྟར་རྒྱུ་དང་ལོ་དེའི་ནང་མ་དངུལ་སྒོར་དུང་ཕྱུར་209.7གཏོང་རྩིས་ཡོད་པའི”དམིགས་ཚད་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ཏེ། ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།