ས་ཆ་འདི་དག་ལ་གངས་ཆེན་པོ་འབབ་རྒྱུ་དང་ལྷགས་པ་ཆེན་པོ་རྒྱག་རྒྱུ།
ཟླ་2ཚེས་9ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་གཅིག་གི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། གཟའ་འཁོར་འདིར་རང་ལྗོངས་ཀྱི་ཤར་རྒྱུད་དུ་གངས་སམ་ཆར་པ་མངོན་གསལ་དོད་པོས་འབབ་རྒྱུ་དང་། དྲོད་ཚད་འཕར་ཆག་ཆེན་པོ་ཡོད་པ། ལྷགས་པ་ཆེན་པོ་མངོན་གསལ་དོད་པོས་རྒྱག་རྒྱུ་ཡིན་པ་རེད།
གཟའ་འཁོར་འདིའི་གངས་སམ་ཆར་པའི་འབབ་ཚད་ནི། ཉིང་ཁྲིར་རྒྱུན་གཏན་ལྟར་ཡིན་པ་དང་ས་ཆ་གཞན་དག་ལ་ཅུང་ཉུང་བ་འབབ་རྒྱུ་རེད་འདུག
གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད་ནི། རྒྱུན་གཏན་ལས་ཅུང་མཐོ་བ་ཡོད།
གནམ་གཤིས་གཙོ་བོ་སྟོན་ཚུལ།
ཟླ་2ཚེས་10ཉིན་ནས་ཚེས་12ཉིན་བར། ཉིང་ཁྲིར་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་ཆར་པ(གངས)འབྲིང་བ་འབབ་རྒྱུ། དེའི་ནང་སྤོ་བོ་དང་མེ་ཏོག་གི་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་ཆེ་བ་ནས་ཧ་ཅང་ཆེ་བའི་བར་འབབ་རྒྱུ། ཆབ་མདོ་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།
ཟླ་2ཚེས་13ཉིན་ནས་ཚེས་14ཉིན་བར། ཉིང་ཁྲིར་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། དེའི་ནང་སྤོ་བོ་དང་མེ་ཏོག་གི་ས་བབ་མཐོ་བའི་ས་ཆར་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ཆབ་མདོ་དང་ལྷོ་ཁའི་ལྷོ་རྒྱུད་དང་དེ་བཞིན་ནག་ཆུའི་ཤར་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། གངས་བབས་རྗེས་གོང་གི་ས་ཆ་ཁག་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།
ཟླ་2ཚེས་15ཉིན་ནས་ཚེས་16ཉིན་བར། ཉིང་ཁྲི་དང་། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།
གཟའ་འཁོར་འདིའི་ནང་མངའ་རིས་དང་། ནག་ཆུ། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ས་ཆ་ཁག་གཅིག་ལ་ལྷགས་པ་ཆེ་བ་རིམ་པ་9ནས་10བར་ཡུད་ཙམ་རྒྱག་རྒྱུ། ལྷ་ས་དང་། གཞིས་རྩེའི་བྱང་རྒྱུད་དང་དབུས་རྒྱུད་དང་ཤར་རྒྱུད། ལྷོ་ཁ་དང་ཆབ་མདོ་བཅས་སུ་ལྷགས་པ་རིམ་པ་5ཡས་མས་ཡུད་ཙམ་རྒྱག་རྒྱུ། ས་ཆ་ཁག་གཅིག་ལ་ལྷགས་པ་རིམ་པ་6ནས་7བར་ཡུད་ཙམ་རྒྱག་རྒྱུ།